Degé Kangyur volume 14, F.167.a

ལས་ཀྱི་ལམ་གྱི་བར་ལ་སེམས་ཅན་རྣམས་རབ་ཏུ་བཀོད་ནས། ཚངས་རིས་ཀྱི་ལྷ་རྣམས་ནས་འོག་མྱིན་གྱི་ལྷའི་བར་དུ་སྐྱེ་ཞིང་། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །​ཤར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསམ་གཏན་བཞི་བསྒྲུབས་ནས། བསམ་གཏན་ལས་ཡོངས་སུ་ཉམས་ཏེ། བསམ་གཏན་དང་པོའི་རོ་མྱངས་ནས། ཚངས་རིས་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བ་ཡང་ཡོད་དོ། །​དེ་ཡང་བསམ་གཏན་བསྒྲུབས་ནས་འོག་མྱིན་གྱི་ལྷར་སྐྱེས་ཏེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །​ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ནས། གནས་གཙང་མར་སྐྱེས་ཏེ། གནས་གཙང་མའི་གནས་གཅིག་གམ། གཉིས་རྒལ་ཏེ། འོག་མིན་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ཡང་ཡོད་དོ། །​ཤ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། དེ་བཞིན་གཤེགས་པའི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ཏེ། སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་དང་། བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ལ་ངན་སོང་ཐམས་ཅད་ལས་ཡང་དག་པར་བཟླ་བའི་ཕྱིར་ཆོས་སྟོན་པ་དག་ཀྱང་ཡོད་དོ། །​ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། སངས་རྒྱས་ཀྱི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ནས། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6199#UT22084-014-001-6199