Degé Kangyur volume 14, F.166.a

པ་བཞི་ཐོབ་པ། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་བཅྭོ་བརྒྱད་ཐོབ་པ་དག །​འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པར་བྱ་བའི་དོན་དུ་སྤྱོད་ཀྱང་བདེན་པ་བཞི་རྟོགས་པར་མི་བྱེད་པ་དག་ཀྱང་ཡོད་དེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཚེ་གཅིག་གིས་ཐོགས་པར་ཤེས་པར་བྱའོ། །​ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དག །​འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་དེ་དག་གི་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡང་དག་པར་སྐུལ་བ་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དག་ཀྱང་ཡོད་དེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྐལ་པ་གྲངས་མེད་ཚད་མེད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །​ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་དུ་རྟག་པར་བརྩོན་ཏེ། ནམ་ཡང་གནོད་པར་འགྱུར་བའི་ཚིག་མི་སྨྲ། གནོད་པ་དང་ལྡན་པའི་ལུས་ཀྱི་ལས་དང་། ཡིད་ཀྱི་ལས་མི་བྱེད་པ་དག་ཀྱང་ཡོད་དོ། །​ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་རྟག་ཏུ་བརྩོན་པས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་སེམས་ཅན་རྣམས་ཀྱི་ངན་སོང་གི་ལམ་གསུམ་པོ་རྒྱུན་གཅོད་པ་དག་ཀྱང་ཡོད་དོ། །​ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་ཅིང་། ཟས་འདོད་པ་རྣམས་ལ་ཟས་དང་། སྐོམ་འདོད་པ་རྣམས་ལ་སྐོམ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6197#UT22084-014-001-6197