Degé Kangyur volume 17, F.281.a

ལ་བྱེད་པ་མེད་པར་རིག་པར་བྱའོ། །​བྱང་ཆུབ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མེད་པར་རིག་པར་བྱའོ། །​བྱང་ཆུབ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །​བྱང་ཆུབ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །​བྱང་ཆུབ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །​བྱང་ཆུབ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་ཉིད་དང་མྱི་འབྲལ་བར་རིག་པར་བྱའོ། །​དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། རབ་འབྱོར་ལེགས་སོ་ལེགས་སོ། །​དེ་ལྟར་དེ་བཞིན་གཤེགས་པའི་མཐུས། རབ་འབྱོར་ཁྱོད་ཇི་ལྟར་སྟོན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་སྨྲས་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོས་སོ། རབ་ཏུ་གཡོས་སོ། ཀུན་ཏུ་གཡོས་སོ། །​འགུལ་ཏོ་རབ་ཏུ་འགུལ་ཏོ། ཀུན་ཏུ་འགུལ་ཏོ། །​ལྡེག་གོ །​རབ་ཏུ་ལྡེག་གོ །​ཀུན་ཏུ་ལྡེག་གོ །​ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །​འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །​ཤིག་ཤིག་རབ་ཏུ་ཤིག་ཤིག །​ཀུན་ཏུ་ཤིག་ཤིག་གོ །​ཤར་ཕྱོགས་དམའ་བར་གྱུར་ན། ནུབ་ཕྱོགས་མཐོ་བར་གྱུར་ཏོ། །​ཤར་ཕྱོགས་མཐོ་བར་གྱུར་ན། ནུབ་ཕྱོགས་དམའ་བར་གྱུར་ཏོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10778#UT22084-014-001-10778