Degé Kangyur volume 17, F.129.b

མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་དེ་བཞིན་གཤེགས་པའི་སྟོབས་བཅུ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་མྱི་འཇིགས་པ་བཞི་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་སོ་སོ་ཡང་དག་པར་རིག་པ་བཞི་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་བྱམས་པ་ཆེན་པོ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་སྙིང་རྗེ་ཆེན་པོ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ཐམས་ཅད་ཤེས་པ་ཉིད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ། ཅིའི་ཕྱིར་ན། མངོན་པར་མ་གྲུབ་པ་དེ་མངོན་པར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་སྨྲས་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་མངོན་པར་མ་གྲུབ་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་མངོན་པར་མ་གྲུབ་པ་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། འདི་སྐད་དུ། མངོན་པར་མ་གྲུབ་པ་དེ་མངོན་པར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་སྨྲས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། མངོན་པར་མ་གྲུབ་པ་མ་གཏོགས་པར་གང་བྱང་ཆུབ་ཏུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་མྱི་དམྱིགས་སོ། །​ཞེས་སྨྲས་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་མ་གྲུབ་པ་ཡང་གཞན་ལ་བྱང་ཆུབ་སེམས་དཔའ་ཡང་གཞན་དུ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10482#UT22084-014-001-10482