Degé Kangyur volume 17, F.71.a

ཤེས་བྱ་བ་དང་། རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། འདི་ལྟར་མྱིང་ནི་གང་ནས་ཀྱང་མྱི་འོང་གང་དུ་ཡང་མྱི་འགྲོ་གང་ན་ཡང་མྱི་གནས་སོ། །​མྱིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི་སའི་ཁམས་མ་ཡིན། དེ་ནི་ཆུའི་ཁམས་མ་ཡིན། དེ་ནི་མྱེའི་ཁམས་མ་ཡིན། དེ་ནི་རླུང་གི་ཁམས་མ་ཡིན། དེ་ནི་ནམ་མཁའི་ཁམས་མ་མིན། དེ་ནི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་ནི་མྱིང་གི་རང་བཞིན་གྱིས་སྟོང་ངོ་། །​སྟོང་པ་གང་ཡིན་པ་དེ་ནི་མྱིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི། མྱིང་ཙམ་ཞེས་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། མ་རིག་པ་ཞེས་བྱ་བ་དང་། འདུ་བྱེད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དང་། མྱིང་དང་གཟུགས་ཞེས་བྱ་བ་དང་། སྐྱེ་མཆེད་དྲུག་ཅེས་བྱ་བ་དང་། རེག་པ་ཞེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། སྲེད་པ་ཞེས་བྱ་བ་དང་། ལེན་པ་ཞེས་བྱ་བ་དང་། སྲིད་པ་ཞེས་བྱ་བ་དང་། སྐྱེ་བ་ཞེས་བྱ་བ་དང་། རྒ་ཤི་ཞེས་བྱ་བ་འདི་ནི། གློ་བུར་དུ་མྱིང་དུ་བཏགས་པ་སྟེ། འདི་ལྟར་མྱིང་ནི་གང་ནས་ཀྱང་མྱི་འོང་གང་དུ་ཡང་མྱི་འགྲོ་གང་ན་ཡང་མྱི་གནས་སོ། །​མྱིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི་མ་རིག་པ་མ་ཡིན། དེ་ནི་འདུ་བྱེད་མ་ཡིན། དེ་ནི་རྣམ་པར་ཤེས་པ་མ་ཡིན། དེ་ནི་མྱིང་དང་གཟུགས་མ་ཡིན། དེ་ནི་སྐྱེ་མཆེད་དྲུག་མ་ཡིན། དེ་ནི་རེག་པ་མ་ཡིན། དེ་ནི་ཚོར་བ་མ་ཡིན། དེ་ནི་སྲེད་པ་མ་ཡིན། དེ་ནི་ལེན་པ་མ་ཡིན། དེ་ནི་སྲིད་པ་མ་ཡིན། དེ་ནི་སྐྱེ་བ་མ་ཡིན། དེ་ནི་རྒ་ཤི་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་ནི་མྱིང་གི་རང་བཞིན་གྱིས་སྟོང་ངོ་། །​སྟོང་པ་གང་ཡིན་པ་དེ་ནི་མྱིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་ཞེས་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10368#UT22084-014-001-10368