Degé Kangyur volume 17, F.48.b

འདི་སྐད་དུ་ཅིའི་ཕྱིར་ན། སོ་སོ་ཡང་དག་པར་རིག་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སོ་སོ་ཡང་དག་པར་རིག་པ་རྣམས་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་ཀྱི་ཕྱིར། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སོ་སོ་ཡང་དག་པར་རིག་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །​གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། སྙིང་རྗེ་ཆེན་པོ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྙིང་རྗེ་ཆེན་པོ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར། སྙིང་རྗེ་ཆེན་པོའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྙིང་རྗེ་ཆེན་པོ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །​གང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10327#UT22084-014-001-10327