ངོ་བོ་ཉིད་སྟོང་པ་ཉིད་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ངོ་བོ་ཉིད་སྟོང་པ་ཉིད་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ངོ་བོ་ཉིད་སྟོང་པ་ཉིད་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ།