Degé Kangyur volume 16, F.331.a

དེའི་སླད་དུ་དུས་གསུམ་མཉམ་པ་ཉིད་ཅེས་བགྱི་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོའོ། །​དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རབ་འབྱོར་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། ཐེག་པ་ཆེན་པོ་འདི་ལ་བསླབས་ཤིང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་པར་གྱུར་ཏོ། །​བརྙེས་སོ་བརྙེས་པར་འགྱུར་རོ། །​ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུ་གཅིག་གོ། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གསུམ་པ། དེ་ནས་བྱམས་གང་གི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་གནས་བརྟན་རབ་འབྱོར་འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སླད་དུ། བསྐོ་བ་མཛད་པས། འདི་ནི་ཐེག་པ་ཆེན་པོ་བསྟན་པ་ཙམ་དུ་སེམས་སོ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བདག་གམ། གཅིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འགལ་བར་ཐེག་པ་ཆེན་པོ་བསྟན་པར་མ་གྱུར་ལགས་གྲང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་གྱུར་པ་ཡང་མྱེད་དེ། རབ་འབྱོར་ཁྱོད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་མཐུན་པར་ཐེག་པ་ཆེན་པོ་སྟོན་ཏོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དགེ་བའི་ཆོས་གང་ཡང་རུང་སྟེ། ཉན་ཐོས་ཀྱི་ཆོས་སམ། རང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10110#UT22084-014-001-10110