Degé Kangyur volume 16, F.286.b

གི་ཁམས་གང་ཡིན་པ་དང་། ནམ་མཁའི་ཁམས་གང་ཡིན་པ་དང་། རྣམ་པར་ཤེས་པའི་ཁམས་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །​རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར། སེམས་ཅན་མྱེད་པར་རིག་པར་བྱའོ། །​སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་རིག་པར་བྱའོ། །​སྲོག་མྱེད་པའི་ཕྱིར་འགྲོ་བ་མྱེད་པར་རིག་པར་བྱའོ། །​འགྲོ་བ་མྱེད་པའི་ཕྱིར་གསོ་བ་མྱེད་པར་རིག་པར་བྱའོ། །​གསོ་བ་མྱེད་པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། །​སྐྱེས་བུ་མྱེད་པའི་ཕྱིར་གང་ཟག་མྱེད་པར་རིག་པར་བྱའོ། །གང་ཟག་མྱེད་པའི་ཕྱིར་ཤེད་ཅན་མྱེད་པར་རིག་པར་བྱའོ། །​ཤེད་ཅན་མྱེད་པའི་ཕྱིར་ཤེད་བདག་མྱེད་པར་རིག་པར་བྱའོ། །​ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །​བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་རིག་པར་བྱའོ། །​ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །​མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །​བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར། མ་རིག་པ་མྱེད་པར་རིག་པར་བྱའོ། །​མ་རིག་པ་མྱེད་པའི་ཕྱིར་འདུ་བྱེད་མྱེད་པར་རིག་པར་བྱའོ། །​འདུ་བྱེད་མྱེད་པའི་ཕྱིར་རྣམ་པར་ཤེས་པ་མྱེད་པར་རིག་པར་བྱའོ། །​རྣམ་པར་ཤེས་པ་མྱེད་པའི་ཕྱིར་མྱིང་དང་གཟུགས་མྱེད་པར་རིག་པར་བྱའོ། །​མྱིང་དང་གཟུགས་མྱེད་པའི་ཕྱིར་སྐྱེ་མཆེད་དྲུག་མྱེད་པར་རིག་པར་བྱའོ། །​སྐྱེ་མཆེད་དྲུག་མྱེད་པའི་ཕྱིར་རེག་པ་མྱེད་པར་རིག་པར་བྱའོ། །​རེག་པ་མྱེད་པའི་ཕྱིར་ཚོར་བ་མྱེད་པར་རིག་པར་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10022#UT22084-014-001-10022