Degé Kangyur volume 16, F.275.b

སུས་ཀྱང་རུང་སྟེ། འཇིག་རྟེན་དུ་ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་སྐོར་བར་ཡང་མྱི་འགྱུར་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་མྱེད་དེ་དངོས་པོ་མ་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷ་འམ་བདུད་དམ། ཚངས་པའམ། སུས་ཀྱང་རུང་སྟེ། འཇིག་རྟེན་དུ་ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་རབ་ཏུ་སྐོར་རོ། །​རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གང་གི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སེམས་ཅན་དེ་དག་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། སེམས་ཅན་དེ་དག་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མྱི་འགྱུར་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གང་གི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སེམས་ཅན་དེ་དག་དངོས་པོ་མྱེད་དེ། དངོས་པོ་མ་ཡིན་པས། དེའི་ཕྱིར་སེམས་ཅན་རྣམས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །​ཡོངས་སུ་མྱ་ངན་ལས་འདའོ། །​ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །​རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ། ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པའོ་ཞེས་སྨྲས་པ་ནི་དེ་དེ་བཞིན་ནོ། །རབ་འབྱོར་དེ་དེ་བཞིན་ཏེ། ཐེག་པ་དེ་ནི་ནམ་མཁའ་དང་མཉམ་མོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཤར་ཕྱོགས་དམྱིགས་སུ་མྱེད་དོ། །​ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བླ་དང་། འོག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10000#UT22084-014-001-10000