Degé Kangyur volume 14, F.107.a

རེག་བྱའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རེག་བྱའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​ཡིད་ཀྱི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་ཡིད་ཀྱི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཡིད་ཀྱི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​ཆོས་ཀྱི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་ཆོས་ཀྱི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཆོས་ཀྱི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་སའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​ཆུའི་ཁམས་དང་ཐམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6079#UT22084-014-001-6079