Degé Kangyur volume 16, F.234.a

ལྟ་སྟེ་དཔེར་ན། ཐ་སྙད་ནི་གནས་པ་ཡང་མ་ཡིན་མིྱ་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། གདགས་པ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིང་གི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​མཚན་མའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​བརྡའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​ཐ་སྙད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​གདགས་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་མྱིང་གི་ངོ་བོ་ཉིད་མྱིང་གི་ངོ་བོ་ཉིད་ཀྱིས་སྟོང་པ་འི་ཕྱིར་རོ། །​མཚན་མའི་ངོ་བོ་ཉིད་ལ་མཚན་མའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​བརྡའི་ངོ་བོ་ཉིད་བརྡའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​ཐ་སྙད་ཀྱི་ངོ་བོ་ཉིད་ཐ་སྙད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​གདགས་པའི་ངོ་བོ་ཉིད་གདགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེ་བ་མེད་པ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། འགག་པ་མྱེད་པ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཀུན་ནས་ཉོན་མོངས་པ་མྱེད་པ་ནི། གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9917#UT22084-014-001-9917