Degé Kangyur volume 16, F.220.a

ནས་འབྱུང་བ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །​རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགྲ་བཅོམ་པའི་ངོ་བོ་ཉིད་ནི། དགྲ་བཅོམ་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​རང་སངས་རྒྱས་ཀྱི་ངོ་བོ་ཉིད་ནི། །​རང་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ནི། བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​དེ་བཞིན་གཤེགས་པའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཕྱིར་མྱི་འོང་བའི་འབྲས་བུ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། དགྲ་བཅོམ་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རང་བྱང་ཆུབ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ལམ་གྱི་རྣམ་པར་ཤེས་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9893#UT22084-014-001-9893