Degé Kangyur volume 14, F.11.a

ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །​དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ། འོད་དང་སྐུ་མདོག་དང་གཟི་བརྗིད་དང་། དཔལ་གྱིས་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །​འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ་རི་ནག་པོ་གཞན་ཐམས་ཅད་ཟིལ་གྱིས་ནོན་པར་གནས་པ་ནི་མཛེས་ཤིང་། ལྷམ་མེ་ལྷན་ནེ་ལྷང་ངེའོ། །​འདི་ལྟ་སྟེ་དཔེར་ན་ཟླ་བའི་དཀྱིལ་འཁོར་སྐར་མའི་གཟུགས་ཐམས་ཅད་ཟིལ་གྱིས་ནོན་པར་གནས་པ་ནི། མཛེས་ཤིང་ལྷམ་མེ། ལྷན་ནེ། ལྷང་ངེའོ། །​འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་འོད་གཞན་ཐམས་ཅད་ཟིལ་གྱིས་ནོན་པར་གནས་པ་ནི་མཛེས་ཤིང་ལྷམ་མེ། ལྷན་ནེ། ལྷང་ངེའོ། །​དེ་བཞིན་དུ་བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་ལྷ་དང་བཅས་པ། དབང་པོ་དང་བཅས་པ། ཚངས་པ་དང་བཅས་པ་དང་། གཙང་མའི་གནས་དང་བཅས་པ། ཟིལ་གྱིས་ནོན་པར་བཞུགས་པ་ཡང་། འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་མཛེས་ཤིང་ལྷམ་མེ། ལྷན་ནེ། ལྷང་ངེའོ། །​དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར། བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་སྐུ་ཅི་འདྲ་བ་དེ་བཞིན་དུ་བསྟན་ཏོ། །​དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་གཙང་མའི་གནས་ཀྱི་ལྷའི་རིས་དང་། ཀུན་སྣང་དང་བ་དང་། ཚངས་རིས་དང་། གཞན་འཕྲུལ་དབང་བྱེད་དང་། འཕྲུལ་དགའ་དང་། དགའ་ལྡན་དང་། མཚེ་མ་དང་། སུམ་ཅུ་རྩ་གསུམ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདན་སེང་གེའི་ཁྲི་ལ་བཞུགས་པ་མཐོང་ནས། དགའ་ཞིང་སྤྲོ་བ་དང་། ཡིད་བདེ་ཞིང་རབ་ཏུ་དགའ་ལ་ཉམས་བདེ་བ་དང་། ཡིད་བདེ་བ་སྐྱེས་ནས། ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-5893#UT22084-014-001-5893