Degé Kangyur volume 16, F.184.a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྡིག་ཏོ་མྱི་དགེ་བའི་ཆོས་མ་སྐྱེས་པའི་རྣམས་མྱི་བསྐྱེད་པའི་ཕྱིར། དེ་མྱི་དམྱིགས་པའི་ཚུལ་གྱིས་མོས་བསྐྱེད་ཅིང་རྩོལ་ལོ། །​བརྩོན་འགྲུས་རྩོམ་མོ། །​སེམས་ཀྱི་མཐུ་སྐྱེད་དོ། །​ཡང་དག་པར་སྨོན་ལམ་འདེབས་སོ། །​སྡིག་ཏོ་མྱི་དགེ་བའི་ཆོས་སྐྱེས་པའི་རྣམས་སྤངས་པའི་ཕྱིར་དེ་མྱི་དམྱིགས་པའི་ཚུལ་གྱིས་མོས་པ་སྐྱེད་ཅིང་རྩོལ་ལོ། །​བརྩོན་འགྲུས་རྩོམ་མོ། །​སེམས་ཀྱི་མཐུ་སྐྱེད་དོ། །​ཡང་དག་པར་སྨོན་ལམ་འདེབས་སོ། །​དགེ་བའི་ཆོས་མ་སྐྱེས་པའི་རྣམས་བསྐྱེད་པའི་ཕྱིར། དེ་མྱི་དམྱིགས་པའི་ཚུལ་གྱིས་མོས་པ་སྐྱེད་ཅིང་རྩོལ་ལོ། །​བརྩོན་འགྲུས་རྩོམ་མོ། །​སེམས་ཀྱི་མཐུ་སྐྱེད་དོ། །​ཡང་དག་པར་སྨོན་ལམ་འདེབས་སོ། །​དགེ་བའི་ཆོས་སྐྱེས་པའི་རྣམས་གནས་པ་དང་། ཕྱིར་ཞིང་བསྒོམ་པ་དང་། ཉམས་པར་མྱི་འགྱུར་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེ་མྱི་དམྱིགས་པའི་ཚུལ་གྱིས་མོས་པ་སྐྱེད་ཅིང་རྩོལ་ལོ། །​བརྩོན་འགྲུས་བརྩོམ་མོ། །​སེམས་ཀྱི་མཐུ་སྐྱེད་དོ། །​ཡང་དག་པར་སྨོན་ལམ་འདེབས་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་སྒོམ་མོ། །​བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་སྒོམ་མོ། །​སེམས་ཀྱི་ཏིང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9825#UT22084-014-001-9825