Degé Kangyur volume 16, F.181.b

དེ་ལྟ་བུའི་རང་བཞིན་ཅན་ཏེ། ཆོས་ཉིད་དེ་ལྟ་བུ་ལས་མ་འདས་སོ། །​ཞེས་བྱ་བར་ཉེ་བར་རྟོག་གོ། །​རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་བོར་བའི་རོ་རྣམ་པར་ཟོས་པ། མྱི་གཙང་བ་རྣགས་པ། སུངས་པ་མཐོང་བ་དེའི་ཚེ། ལུས་འདི་ཉིད་ཀྱི་ཚུལ་ཡང་དེ་དང་སྦྱོར་ཏེ། ལུས་འདི་ཡང་། འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་བྱ་བར་ཉེ་བར་རྟོག་གོ། །​རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ། ཀེང་རུས་ཤར་རི་དང་། ཁྲག་ར་རི་ཆགས་པ། རྒྱུས་པས་བྲང་བྲེང་དུ་འབྲེལ་བ་མཐོང་བ་དེའི་ཚེ། དེ་ལུས་འདི་ཉིད་ཀྱི་ཚུལ་ཡང་དེ་དང་སྦྱོར་ཏེ། ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ། །​ཞེས་བྱ་བར་ཉེ་བར་རྟོག་གོ། །​རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9820#UT22084-014-001-9820