Degé Kangyur volume 16, F.179.a

བསྩལ་ཅིང་རྣམ་པར་སྤྱོད་ཀྱང་། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མྱི་རྟོག་གོ། །​རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་། རྣམ་པར་སྤྱོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འགྲོན་འགྲོའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །​འགྲེང་ན་འགྲེང་ངོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །​འདུག་ན་འདུག་གོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །​ཉལ་ན་ཉལ་ལོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེའི་ལུས་ཉམས་བདེ་བའམ་ཉམས་མྱི་བདེ་ཡང་རུང་སྟེ། ཇི་ལྟ་ཇི་ལྟར་གནས་པ། དེ་ལྟ་དེ་ལྟར་དེས་རབ་ཏུ་ཤེས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དེ། དེ་འགྲོའམ་འོང་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། ལྟའམ་རྣམ་པར་ལྟ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། བསྐུམ་མ་མ་བརྐྱང་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། སྦྱར་མ་དང་ལྷུང་བཟེད་འཆང་ཞིང་སྤྱོད་ཀྱང་ཤེས་བཞིན་དུ་སྤྱོད་པ་ཡིན། ཟོས་པ་དང་འཆོས་པ་དང་འཐུངས་པ་དང་། མྱངས་པ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། ཉལ་བ་དང་གཉིད་ཀྱིས་མྱ་མྱོ་བསྩལ་བ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། འགྲོ་བ་དང་འོང་བ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། འགྲེང་བ་དང་འདུག་པ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། གཉིད་ཀྱིས་ལོག་གམ་མ་ལོག་ན་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། སྨྲ་བ་དང་མྱི་སྨྲ་ན་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། ནང་དུ་ཡང་དག་པར་འཇོག་པ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9815#UT22084-014-001-9815