Degé Kangyur volume 16, F.172.a

རྒྱས་བཏབ་པར་འགྱུར་བ་སྟེ། འདི་ནི་ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །​དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་ཡང་མཉམ་པ་ཉིད་དུ་མ་ཆུད་པ་མྱེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །​དེ་ལ་དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་དང་ཆོས་ཐམས་ཅད་ཀྱི་དགའ་བ་སྤོང་བ་སྟེ། འདི་ནི་དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །​དེ་ལ་ཆོས་ཀྱིས་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ཀྱི་མུན་པ་སེལ་བ་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱིས་མངོན་པར་འཕགས་པར་འགྱུར་བ་སྟེ། འདི་ནི་ཆོས་ཀྱིས་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །​དེ་ལ་ཆོས་ཀྱིས་འཕགས་པས་ཡོངས་སུ་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་སངས་རྒྱས་ཀྱི་ཆོས་རྣམས་འཕགས་ཤིང་ཡོངས་སུ་རྫོགས་པ་སྟེ། འདི་ནི་ཆོས་ཀྱིས་འཕགས་པས་ཡོངས་སུ་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །​དེ་ལ་རིན་པོ་ཆེ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཡོན་ཏན་རིན་པོ་ཅེ་ཆེན་པོ་མཐའ་ཡས་པ་ཐམས་ཅད་ཀྱི་འབྱུང་ཁུང་དུ་གྱུར་པ་སྟེ། འདི་ནི་རིན་པོ་ཅེ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །​དེ་ལ་འཁྲུག་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་འཇིག་རྟེན་གྱི་རྩོད་པ་དང་འཁྲུག་པ་རྣམ་པ་སྣ་ཚོགས་སྤོང་བ་སྟེ། འདི་ནི་འཁྲུག་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །​དེ་ལ་རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་རྣམ་པར་འཐོར་བ་སྟེ། འདི་ནི་རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །​དེ་ལ་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7789#UT22084-014-001-7789