Degé Kangyur volume 16, F.163.b

བྱའོ། །​དེ་ལ་མྱི་རྟག་མྱི་འཇིག་པའི་ཕྱིར། ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །​དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན། གཟུགས་ནི་འཇིག་པའི་མཚན་ཉིད། ཚོར་བ་ནི་མྱོང་བའི་མཚན་ཉིད། འདུ་ཤེས་ནི་འཛིན་པའི་མཚན་ཉིད། འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པ་ནི་རྣམ་པར་རིག་པའི་མཚན་ཉིད། ཕུང་པོ་ནི་སྡུག་བསྔལ་བའི་མཚན་ཉིད། ཁམས་ནི་གདུག་པའི་མཚན་ཉིད། སྐྱེ་མཆེད་ནི་སྐྱེ་བའི་སྒོའི་མཚན་ཉིད། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདུ་འཕྲོད་ཀྱི་མཚན་ཉིད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གཏོང་བའི་མཚན་ཉིད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གདུང་བ་མྱེད་པའི་མཚན་ཉིད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཚིག་པ་མྱེད་པའི་མཚན་ཉིད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐུབ་པ་མྱེད་པའི་མཚན་ཉིད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡང་དག་པར་འདུས་པའི་མཚན་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆགས་པ་མྱེད་པའི་མཚན་ཉིད། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་འཁྲུག་པ་མྱེད་པའི་མཚན་ཉིད། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་འབྱུང་བའི་མཚན་ཉིད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་དབེན་པའི་མཚན་ཉིད། རྣམ་པར་ཐར་པའི་སྒོ་མཚན་མ་མྱེད་པ་ནི་ཞི་བའི་མཚན་ཉིད། རྣམ་པར་ཐར་པའི་སྒོ་སྨོན་པ་མྱེད་པ་ནི་སྡུག་བསྔལ་སེལ་བའི་མཚན་ཉིད། རྣམ་པར་གྲོལ་བ་ནི་རྣམ་པར་འགྲེལ་བའི་མཚན་ཉིད། སྟོབས་རྣམས་ནི་ཤིན་ཏུ་རྟོགས་པའི་མཚན་ཉིད། མྱི་འཇིགས་པ་རྣམས་ནི་ཤིན་ཏུ་བརྟན་པའི་མཚན་ཉིད། སོ་སོ་ཡང་དག་པར་རིག་པ་རྣམས་ནི་མྱི་ཆོད་པའི་མཚན་ཉིད། བྱམས་པ་ཆེན་པོ་ནི་ཕན་པ་སྒྲུབ་པའི་མཚན་ཉིད། སྙིང་རྗེ་ཆེན་པོ་ནི་ཡོངས་སུ་སྐྱོབ་པའི་མཚན་ཉིད། དགའ་བ་ཆེན་པོ་ནི་རབ་ཏུ་དགའ་བའི་མཚན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7772#UT22084-014-001-7772