Degé Kangyur volume 16, F.133.a

གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ཀྱང་། སེམས་ཅན་གང་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །​རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བ་དང་། གཞོག་ཅིང་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་འམ། ཚུ་རོལ་ཏམ། ཕ་རོལ་ཏུ་མྱི་དམྱིགས་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7711#UT22084-014-001-7711