Degé Kangyur volume 16, F.129.a

ལ་མལ་ཆའི་སྦྱིན་པ་བྱེད་དོ། །​ཁྱིམ་འདོད་པ་རྣམས་ལ་ཁྱིམ་གྱི་སྦྱིན་པ་བྱེད་དོ། །​འཚོ་བ་འདོད་པ་རྣམས་ལ་འཚོ་བའི་སྦྱིན་པ་བྱེད་དོ། །​ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་ཀྱི་སྦྱིན་པ་བྱེད་དོ། །​ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་འདོད་པ་རྣམས་ལ་ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་ཀྱི་སྦྱིན་པ་བྱེད་དོ། །​ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་འདོད་པ་རྣམས་ལ། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར། དངུལ་གྱི་སྦྱིན་པ་བྱེད་པ་ནས། མྱིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་སྦྱིན་པ་བྱེད་དེ། དེས་དེ་ལྟར་ཟས་འདོད་པ་རྣམས་ལ་ཟས་བྱིན། སྐོམ་འདོད་པ་རྣམས་ལ་སྐོམ་བྱིན། བཞོན་པ་འདོད་པ་རྣམས་ལ་བཞོན་པ་བྱིན། གོས་འདོད་པ་ལ་གོས་བྱིན། མེ་ཏོག་འདོད་པ་ལ་མེ་ཏོག་བྱིན། ཕྲེང་བ་འདོད་པ་ལ་ཕྲེང་བ་བྱིན། སྤོས་འདོད་པ་ལ་སྤོས་བྱིན། བྱུག་པ་འདོད་པ་ལ་བྱུག་པ་བྱིན། མལ་ཆ་འདོད་པ་ལ་མལ་ཆ་བྱིན། ཁྱིམ་འདོད་པ་ལ་ཁྱིམ་བྱིན། འཚོ་བ་འདོད་པ་ལ་འཚོ་བ་བྱིན། ཡོ་བྱད་འདོད་པ་ལ་ཡོ་བྱད་བྱིན། ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་འདོད་པ་རྣམས་ལ་ནི་ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་བྱིན། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་འདོད་པ་རྣམས་ལ་ནི། ནོར་བུ་དང་། མུ་ཏིག་དང་། བཻ་ཌུཪྻ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་བྱིན་པ་ནས། མྱིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་བྱིན་ནས། སེམས་ཅན་དེ་དག་ལ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །​སེམས་ཅན་དེ་དག་གིས་ཀྱང་ཆོས་བསྟན་པ་དེ་ཐོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་མ་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ་སྒྱུ་མའི་མཁན་པོའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7703#UT22084-014-001-7703