Degé Kangyur volume 16, F.109.b

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །​ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་དང་པོའི་ཡན་ལག་དང་། བསམ་གཏན་གཉིས་པའི་ཡན་ལག་དང་། བསམ་གཏན་གསུམ་པའི་ཡན་ལག་དང་། བསམ་གཏན་བཞི་པའི་ཡན་ལག་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཆུང་ཟད་མྱེད་པའི་སྐྱེ་མཆེད་དང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་དེ་དག་མྱི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མྱེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མྱེད་པའི་རྣམ་པ་དང་། སྨོན་པ་མྱེད་པའི་རྣམ་པ་རབ་ཏུ་རྟོག་ཀྱང་བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་མྱི་དམྱིགས་ཤིང་། དེ་དག་གིས་རློམ་སེམས་མྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། རྣམ་པ་ཐམས་ཅད་དུ་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་དང་། རྣམ་པ་ཐམས་ཅད་དུ་ཡང་དག་པར་སྤོང་བ་བཞི་སྒོམ་པ་དང་། རྣམ་པ་ཐམས་ཅད་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་པ་དང་། རྣམ་པ་ཐམས་ཅད་དུ་དབང་པོ་ལྔ་སྒོམ་པ་དང་། རྣམ་པ་ཐམས་ཅད་དུ་སྟོབས་ལྔ་སྒོམ་པ་དང་། རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པ་དང་། རྣམ་པ་ཐམས་ཅད་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་འཕགས་པའི་བདེན་པ་རྣམས་སྒོམ་པ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7666#UT22084-014-001-7666