Degé Kangyur volume 16, F.101.a

ལྡན་པ་གང་པོ་ཅི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ཞེས་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ཡིན། །​གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །​དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྣམ་པར་རྟོག་པ་མྱེད་པ། རྣམ་པར་དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །​དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །​དེ་བདེ་བ་ཡང་སྤངས། སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད། སྡུག་བསྔལ་ཡང་མྱེད་པ། བཏང་སྙོམས་དང་དྲན་པས་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །​དེ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། གཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ་ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7649#UT22084-014-001-7649