Degé Kangyur volume 16, F.89.b

རྣམས་ལ་ཆགས་པ་མྱེད་དོ། །​བྱང་ཆུབ་ཀྱི་ཡན་ལག་མྱེད་པ་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཆགས་པ་མྱེད་དོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད་པ་ཡང་འཕགས་པའི་ལམ་ཡན་ལག་རྣམས་ལ་ཆགས་པ་མེད་དོ། །​འཕགས་པའི་བདེ་པ་མེད་པ་ཡང་འཕགས་པའི་བདེན་པ་རྣམས་ལ་ཆགས་པ་མེད་དོ། །​བསམ་གཏན་མེད་པ་ཡང་བསམ་གཏན་རྣམས་ལ་ཆགས་པ་མེད་དོ། །​ཚད་མེད་པ་མེད་པ་ཡང་ཚད་མེད་པ་རྣམས་ལ་ཆགས་པ་མྱེད་དོ། །​གཟུགས་མེད་པའི་སྙོམས་པར་འཇུག་པ་མེད་པ་ཡང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཆགས་པ་མེད་དོ། །​རྣམ་པར་ཐར་པ་མེད་པ་ཡང་རྣམ་པར་ཐར་པ་རྣམས་ལ་ཆགས་པ་མེད་དོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་མེད་པ་ཡང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ཆགས་པ་མེད་དོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ཆགས་པ་མེད་དོ། །​མངོན་པར་ཤེས་པ་མེད་པ་ཡང་མངོན་པར་ཤེས་པ་རྣམས་ལ་ཆགས་པ་མྱེད་དོ། །​ཏིང་ངེ་འཛིན་མེད་པ་ཡང་ཏིང་ངེ་འཛིན་རྣམས་ལ་ཆགས་པ་མེད་དོ། །​གཟུངས་ཀྱི་སྒོ་མེད་པ་ཡང་གཟུངས་ཀྱི་སྒོ་རྣམས་ལ་ཆགས་པ་མེད་དོ། །​དེ་བཞིན་གཤེགས་པའི་སྟོབས་མེད་པ་ཡང་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་ཆགས་པ་མེད་དོ། །​མྱི་འཇིགས་པ་མྱེད་པ་ཡང་མི་འཇིགས་པ་རྣམས་ལ་ཆགས་པ་མེད་དོ། །​སོ་སོ་ཡང་དག་པར་རིག་པ་མྱེད་པ་ཡང་སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཆགས་པ་མྱེད་དོ། །​བྱམས་པ་ཆེན་པོ་མྱེད་པ་ཡང་བྱམས་པ་ཆེན་པོ་ལ་ཆགས་པ་མྱེད་དོ། །​སྙིང་རྗེ་ཆེན་པོ་མྱེད་པ་ཡང་སྙིང་རྗེ་ཆེན་པོ་ལ་ཆགས་པ་མེད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མེད་པ་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཆགས་པ་མེད་དོ། །​ཐམས་ཅད་ཤེས་པ་ཉིད་མེད་པ་ཡང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7626#UT22084-014-001-7626