Degé Kangyur volume 16, F.66.b

དཔའ་ཆེན་པོས། རྟག་ཏུ་རྒྱུན་མྱི་འཆད་པར་ཆོས་འདོད་པར་བྱའོ། །​ཆོས་ལ་དགའ་བར་བྱའོ། །​ཆོས་ལ་མོས་པར་བྱའོ། །​ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །​དེ་ལ་ཆོས་གང་ཞེ་ན། ཆོས་ཐམས་ཅད་དབྱེར་མྱེད་པ་སྟེ། འདི་ནི་ཆོས་ཞེས་བྱའོ། །​དེ་ལ་ཆོས་འདོད་པ་གང་ཞེ་ན། གང་ཆོས་དེ་ལ་འདོད་ཅིང་མོས་པ་སྟེ། འདི་ནི་ཆོས་འདོད་པ་ཞེས་བྱའོ། །​དེ་ལ་ཆོས་ལ་དགའ་བ་གང་ཞེ་ན། གང་ཆོས་དེ་ལ་དགའ་ཞིང་མངོན་པར་དགའ་བ་སྟེ། འདི་ནི་ཆོས་ལ་དགའ་བ་ཞེས་བྱའོ། །དེ་ལ་ཆོས་ལ་མོས་པ་གང་ཞེ་ན། གང་ཆོས་དེ་ལ་ཡོན་ཏན་དུ་བལྟ་བ་སྟེ། འདི་ནི་ཆོས་ལ་མོས་པ་ཞེས་བྱའོ། །​དེ་ལ་ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པ་གང་ཞེ་ན། ཆོས་དེ་ཉིད་ལ་སྒོམ་ཞིང་མང་དུ་བྱེད་པ་སྟེ། འདི་ནི་ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པ་ཞེས་བྱའོ། །​རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་དམྱིགས་པའི་ཚུལ་གྱིས་བྱའོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས། འདུ་བྱས་སྟོང་པ་ཉིད་ལ་གནས། འདུས་མ་བྱས་སྟོང་པ་ཉིད་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་གནས། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མི་དམྱིགས་པ་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7580#UT22084-014-001-7580