Degé Kangyur volume 14, F.80.a

འགྲོའོ། །​བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བྱེ་བ་ཁྲག་ཁྲིག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །​གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །​ཆར་ཡང་ཉེ་བར་མྱི་འགྲོའོ། །​བགྲང་བར་ཡང་ཉེ་བར་མྱི་འགྲོའོ། །​དཔེར་ཡང་ཉེ་བར་མྱི་འགྲོ་སྟེ། རྒྱུར་ཡང་མྱི་ཕོད་དོ། །​ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་གང་འདི་ཉན་ཐོས་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་ཤེས་རབ་དང་། གང་ཡང་རང་སངས་རྒྱས་ཀྱི་ཤེས་རབ་དང་། གང་ཡང་བྱང་ཆུབ་སེམས་དཔའི་ཤེས་རབ་དང་། གང་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་དང་། ཤེས་རབ་དེ་དག་ཐམས་ཅད་ཐ་མྱི་དད་པ་སྟེ། དབྱེར་མ་མཆིས། །​སྟོང་པ་དབེན་པ་རང་བཞིན་གྱིས་མ་བྱུང་བ་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། བཅོམ་ལྡན་འདས་དབྱེར་མ་མཆིས་ཤིང་། དབེན་པ་ལ་མ་སྐྱེས་པ་དང་། རང་བཞིན་གྱིས་སྟོང་པ་ལ་ནི་ཁྱད་པར་རམ། བྱེ་བྲག་ཏུ་བགྱི་བ་མི་དམྱིགས་ན། བཅོམ་ལྡན་འདས་དེ་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གདུགས་གཅིག་ཏུ་བསྒོམས་པའི་ཤེས་རབ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་གནོན་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པ་བདག་གིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ལ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་སངས་རྒྱས་པར་བྱས་ཏེ་སེམས་ཅན་ཐམས་ཅད་ཡོངས་སུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6025#UT22084-014-001-6025