Degé Kangyur volume 14, F.76.a

པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མྱིང་གང་གིས་ཐ་སྙད་དུ་བརྗོད་པའི་མྱིང་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པའི་ཤེས་རབ་མ་གཏོགས་པར་དེ་མ་ཡིན་པའི་ཤེས་རབ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱི་བར་དུ་དམྱིགས་སུ་མྱེད་པའི་སྟོང་པ་ཉིད་ཉེ་བར་བཟུང་བས། ཟིལ་གྱིས་གནོན་ཏོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་གིས་མངོན་པར་ཆགས་པར་འགྱུར་བ་དེ་ཡང་ཉེ་བར་མྱི་དམྱིགས་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །​ཤ་ར་དྭ་ཏིའི་བུ་གལ་ཏེ་འཛམ་བུའི་གླིང་འདི་དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་འདི་ལྟ་སྟེ་དཔེར་ན། འདམ་བུའི་ཚལ་ལམ། སྦའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །​སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །​བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །​བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །​བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །​བྱེ་བ་ཁྲག་ཁྲིག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​གྲངས་སུ་ཡང་ཉེ་བར་མི་འགྲོའོ། །​ཆར་ཡང་ཉེ་བར་མི་འགྲོའོ། བགྲང་བར་ཡང་ཉེ་བར་མི་འགྲོའོ། །​དཔེར་ཡང་ཉེ་བར་མི་འགྲོ་སྟེ། རྒྱུར་ཡང་མྱི་ཕོད་དོ། །​དེ་ཅིའི་ཕྱིར་ཞེ་ན། ཤ་ར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6017#UT22084-014-001-6017