Degé Kangyur volume 14, F.72.b

མོ་གདོན་མི་འཚལ་བར་འཚལ་ལམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ལ་ནི་ཕ་དང་མ་གདོན་མྱི་ཟ་བར་དགོས་ཀྱི། བུ་དང་བུ་མོ་དང་། ཆུང་མ་མྱི་དགོས་སོ། །​ལ་ལ་ལ་ནི་ཕ་དང་མ་དང་ཆུང་མ་དང་། བུ་དང་བུ་མོ་དག་ཀྱང་གདོན་མྱི་ཟ་བར་དགོས་སོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི་སེམས་དང་པོ་བསྐྱེད་ཕྱིན་ཅད། ཚངས་པའི་སྤྱོད་པ་ཡང་དག་པར་ལེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་གཞོན་ནུར་གྱུར་པར་འཁོད་དོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱད་དེ། ཆུང་མའི་འཁོར་གྱི་ནང་ནས་མངོན་པར་བྱུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་རྣམ་པར་སྤྱོད་པ། འདོད་པའི་ཉོན་མོངས་པ་དང་བྲལ་བ་ལ་ལ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ལ་ཡོངས་སུ་སྤྱོད་པ་ཡང་སྟོན་ཏེ། ཉམས་ཀྱིས་ཡོངས་སུ་སྤྱོད་པ་མྱེད་དོ། །​ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ་སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ། སྒྱུ་མའི་སྔགས་དང་། སྦྱོར་ཐབས་ཀྱི་ཚུལ་ལ་ཤིན་ཏུ་བསླབས་པ་དེ་ལྟ་བུ་ཞིག་གིས་འདོད་པའི་ཡོན་ཏན་ལྔ་མངོན་པར་སྤྲུལ་ཏེ། འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ལ་བདག་ཉིད་རྩེ་ཞིང་དགའ་བ་དང་ཡོངས་སུ་སྤྱོད་པར་བསྟན་ན། ཤ་ར་དྭ་ཏིའི་བུ་དེ་ལ་ཇི་སྙམ་དུ་སེམས་སྒྱུ་མའི་མཁན་པོ་དང་། སྒྱུ་མའི་མཁན་པོའི་མཆན་བུ་དེས་འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་བུ་མ་མཆིས་སོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6010#UT22084-014-001-6010