Degé Kangyur volume 15, F.221.a

པ་ཉིད་མི་དམིགས་པའི་ཚུལ་དང་། ཕྱི་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། ཕྱི་ནང་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། སྟོང་པ་ཉིད་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། ཆེན་པོ་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། དོན་དམ་པ་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། འདུས་བྱས་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། འདུས་མ་བྱས་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། དོར་བ་མེད་པ་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། རང་བཞིན་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། མི་དམིགས་པ་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། དངོས་པོ་མེད་པ་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་ཤེས་པར་བྱའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་གོ། །​།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ལ་ལ་ཞིག་འདི་སྐད་དུ་འདྲི་ཞིང་། ཅི་སྒྱུ་མའི་སྐྱེས་བུ་འདི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ། ཞེས་མཆིས་ན། བཅོམ་ལྡན་འདས་དེ་སྐད་དུ་འདྲི་བ་དེ་ལ། ཇི་སྐད་དུ་བསྟན་པར་བགྱི། །​བཅོམ་ལྡན་འདས་ལ་ལ་ཞིག་ལ་འདི་སྐད་དུ་འདྲི་ཞིང་། ཅི་སྒྱུ་མའི་སྐྱེས་བུ་འདི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7088#UT22084-014-001-7088