Degé Kangyur volume 43, F.142.a

།གཉིད་ལ་དགའ་བ་ཡོངས་སུ་སྤངས་པས་ནི་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བ་ཀུན་ཏུ་བསྟེན་པར་བྱའོ། །​ལས་ལ་དགའ་བ་ཡོངས་སུ་སྤངས་པས་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་ཀུན་ཏུ་བསྟེན་པར་བྱའོ། །​བྱམས་པ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ཤེས་རབ་ཀྱི་སྟོབས་བསྐྱེད་པ་རྗེས་སུ་ཐོབ་པར་འདོད་པས་ཡོངས་སུ་སྤང་བར་བྱ་བའི་ཆོས་རྣམས་ནི་ཡོངས་སུ་སྤང་བར་བྱའོ། །​ཀུན་ཏུ་བསྟེན་པར་བྱ་བའི་ཆོས་རྣམས་ནི་ཀུན་ཏུ་བསྟེན་པར་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། བྱམས་པ་ཡེ་ཤེས་ཀྱང་རྐྱེན་ལ་རག་ལས་པ་ཡིན་ལ། མི་ཤེས་པ་ཡང་རྐྱེན་ལ་རག་ལས་པ་ཡིན་ཏེ། དེ་ནི་རྐྱེན་མ་ཚོགས་པར་ཐོབ་པར་སླ་བ་མ་ཡིན་པའི་ཕྱིར་རོ།​། །​།བམ་པོ་གཉིས་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་རྙེད་པ་དང་། །​བཀུར་སྟིའི་སྐྱོན་ཇི་ལྟར་མཐོང་བར་བགྱི། རྙེད་པ་དང་བཀུར་སྟིའི་ནོངས་དམིགས་ནི་གང་ལགས། བྱང་ཆུབ་སེམས་དཔས་གང་དག་ལ་བརྟགས་ན་འདོད་པ་ཆུང་ངུ་ལ་དགའ་ཞིང་ཡོངས་སུ་མི་གདུང་བར་འགྱུར་བ་ལགས། བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྙེད་པ་དང་བཀུར་སྟི་ནི་འདོད་ཆགས་སྐྱེད་པ་ཡིན་པར་བརྟག་པར་བྱའོ། །​རྙེད་པ་དང་བཀུར་སྟི་ནི་དྲན་པ་འཇོམས་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་རྙེད་པ་དང་མ་རྙེད་པས་ཁེངས་པ་དང་འདུད་པར་བརྟག་པར་བྱའོ། །​རྙེད་པ་དང་བཀུར་སྟི་ནི་གཏི་མུག་སྐྱེད་པར་བརྟག་པར་བྱའོ། །​རྙེད་པ་དང་བཀུར་སྟི་ནི་བདག་གི་དོན་སྒྲུབ་པས་ཁྱིམ་ལ་སེར་སྣ་བྱེད་པ་དང་། ཆགས་པར་བྱེད་པར་བརྟག་པར་བྱའོ། །​རྙེད་པ་དང་བཀུར་སྟི་ནི་གཡོ་སྐྱེད་པར་བརྟག་པར་བྱའོ། །​རྙེད་པ་དང་བཀུར་སྟི་ནི་འཕགས་པའི་རིགས་བཞི་ཡོངས་སུ་སྤོང་བས་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་སྐྱེད་པར་བརྟག་པར་བྱའོ། །​རྙེད་པ་དང་བཀུར་སྟི་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་གནང་བར་བརྟག་པར་བྱའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh69.html?part=UT22084-043-006-433#UT22084-043-006-433