Degé Kangyur volume 91, F.216.b

འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་བོ་དེ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སྟེང་གི་ཕྱོགས་ན། འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །​ཚེ་འཛིན་ཅིང་ཚེ་མཐར་ཕྱིན་པར་བཞེད་དེ། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །​འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་ཅིག །​འཛམ་བུའི་གླིང་འདིའི་སེམས་ཅན་རྣམས་ནི་ཚེ་ཐུང་བ་ལོ་བརྒྱ་པ་ཤ་སྟག་སྟེ། དེ་དག་ལས་ཀྱང་ཕལ་ཆེར་ནི་དུས་མ་ཡིན་པར་འཆི་བར་བསྟན་ཏོ། །​འཇམ་དཔལ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་ཡོན་ཏན་དང་བསྔགས་པ་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲིའམ། ཡི་གེར་འདྲིར་འཇུག་གམ། མིང་ཙམ་ཉན་ཏམ། ཀློག་པ་ནས་གླེགས་བམ་ལ་བྲིས་ཏེ། ཁྱིམ་ན་འཆང་གི་བར་དུ་བྱེད་དམ། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། ཕྱེ་མ་རྣམས་ཀྱིས་མཆོད་པར་གྱུར་པ་དེ་དག་གི་ཚེ་ཡོངས་སུ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །​འཇམ་དཔལ་སེམས་ཅན་གང་དག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་གདོན་མི་ཟ་བའི་རྒྱལ་པོའི་མཚན་བརྒྱ་རྩ་བརྒྱད་ཐོས་པ་དེ་དག་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །​སེམས་ཅན་གང་དག་ཚེ་ཡོངས་སུ་ཟད་ཀར་མཚན་འཆང་བར་གྱུར་པ་དེ་དག་གི་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh675.html?part=UT22084-091-073-77#UT22084-091-073-77