འོ་མ་དང་། འབྲས་ཆེན་བུ་རམ་ཅན་ལ་སོགས་པ་དང་། མངར་གསུམ་ཟ་ཞིང་བཀླག་པར་བྱའོ། །དེ་ལྟར་ན་འགྲུབ་པར་འགྱུར་ཏེ། ཐུབ་པའི་རྒྱལ་པོས་གསུངས་པ་བཞིན་དུ་ཐེ་ཚོམ་མེད་པར་བྱའོ། །འཕགས་པ་སྤྲིན་ཆེན་པོ་ཐེག་པ་ཆེན་པོའི་མདོ་ལས་ཆར་དབབ་པ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཞེས་བྱ་བ་དྲུག་ཅུ་རྩ་བཞི་པ་ཆོ་ག་དང་བཅས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེན་དྲ་བྷོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།༄༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་མེ་གྷ་བཱ་ཏ་མཎྜ་ལ་སརྦ་ནཱ་ག་ཧྲྀ་ད་ཡྃ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོ་ན་ནོར་བུ་རིན་པོ་ཆེའི་རྩེ་མོ་ཅན་གྱི་ཁང་པ་བརྩེགས་པ་ན་ཀླུ་སྟོང་དུ་ཚང་བའི་ཀླུའི་ཚོགས་ཆེན་པོ་ཀླུ་ཐམས་ཅད་ཀྱང་རྫུ་འཕྲུལ་ཆེ་ཞིང་དཀྱིལ་འཁོར་ཆེན་པོ་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཀླུའི་རྒྱལ་པོ་ཉེ་དགའ་བོ་དང་། ཀླུའི་རྒྱལ་པོ་ཡང་དག་བསྐུལ་དང་། ཀླུའི་རྒྱལ་པོ་གློག་ཕྲེང་ཅན་དང་། ཀླུའི་རྒྱལ་པོ་གཟི་ཅན་དང་། ཀླུའི་རྒྱལ་པོ་གཟི་ཅན་ཆེན་པོ་དང་། ཀླུའི་རྒྱལ་པོ་བཏང་བཟུང་དང་། ཀླུའི་རྒྱལ་པོ་དུང་དང་། ཀླུའི་རྒྱལ་པོ་ཨེ་ལའི་འདབ་དང་། ཀླུའི་རྒྱལ་པོ་མཚམས་བཟང་དང་། ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་དང་། ཀླུའི་རྒྱལ་པོ་གློག་འབྱུང་དང་། ཀླུའི་རྒྱལ་པོ་སྣང་ལྡན་གཙུག་ཕུད་ཅན་དང་། ཀླུའི་རྒྱལ་པོ་སྤྲིན་ཆེན་རྣམ་པར་འཕྲུལ་དང་། ཀླུའི་རྒྱལ་པོ་སྤྲིན་ཆེན་རྒྱས་བྱེད་དང་། ཀླུའི་རྒྱལ་པོ་འབྲུག་སྒྲོགས་དང་། ཀླུའི་རྒྱལ་པོ་ཆར་འབྱུང་དང་། ཀླུའི་རྒྱལ་པོ་སྐར་མདའ་གཏོང་དང་། ཀླུའི་རྒྱལ་པོ་དུས་མིན་སྒྲོགས་དང་། ཀླུའི་རྒྱལ་པོ་འབྲུག་སྐད་དང་། ཀླུའི་རྒྱལ་པོ་གློག་རབ་ཏུ་གཏོང་བ་དང་། ཀླུའི་རྒྱལ་པོ་ས་འཛིན་དང་། ཀླུའི་རྒྱལ་པོ་སོག་མ་མེད་དང་།