Degé Kangyur volume 42, F.215.b

པའི་ཡིད་ཀྱིས་དྲང་སྲོང་བཟོད་པའི་སྟོབས་གྲོང་ཁྱེར་དུ་འཇུག་པའི་ཚེ་བདག་ཉིད་ཀྱི་གཅིན་གྱིས་དེའི་མགོའི་སྟེང་དུ་བླུགས། ལྷུང་བཟེད་ཀྱི་ནང་དུ་བླུགས། ཆོས་གོས་དང་ལྷུང་བཟེད་ལ་ཡང་བསྐུས། ལུས་ལ་ཡང་བསྐུས། ཕྱག་དར་གྱིས་མགོ་ལ་ཡང་གཏོར་ཏོ། །​དེའི་ཚེ་དྲང་སྲོང་བཟོད་པའི་སྟོབས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྤྱོ་བ་ལ་དཔའ་བའི་མི་སྟོང་གིས་ངག་རྩུབ་པོས་སྤྱོས་ཤིང་སྨད་པར་གྱུར་ཀྱང་དེའི་སེམས་ལ་ཞེ་སྡང་དང་འཁོན་དུ་འཛིན་པ་ཡང་མེད་ལ་ཐ་ན་སེམས་ལ་ནུར་ཞིང་ཞུམ་པར་གྱུར་པ་ཡང་མེད་དོ། །​བདག་ཉིད་ཀྱང་འདི་སྐད་དུ་བདག་གིས་ཉེས་པ་ཅི་བྱས་ཞེས་ཀྱང་མི་ཟེར་ལ་འཁོན་དུ་འཛིན་པ་ཡང་མེད་དོ། །​ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྡང་མིག་གིས་བདུད་སྡིག་པའི་ཡིད་ལ་བལྟས་པ་ཡང་མེད་ལ་བདག་ལ་ཉེས་པ་ཅི་ཡོད་ཅེས་སྨྲས་པ་ཡང་མེད་དོ། །​མཽད་གལ་སྤྱོ་བ་ལ་དཔའ་བའི་མི་སྟོང་པོ་དེ་དག་གིས་དྲང་སྲོང་བཟོད་པའི་སྟོབས་ལ་ལོ་བརྒྱད་ཁྲི་བཞི་སྟོང་ལས་འདས་པའི་བར་དུ་སྤྱོས་ཀྱང་གཞིག་མི་ནུས་པར་རིག་ནས་ཤིན་དུ་དང་བའི་བསམ་པ་བསྐྱེད་དེ་ཁ་ན་མ་ཐོ་བ་རྣམས་ཀྱང་བཤགས་ནས། འདི་སྐད་དུ་ཁྱོད་ཀྱིས་དངོས་པོ་འདིས་ཆོས་ཇི་ལྟ་བུ་ཞིག་ཡོངས་སུ་ཚོལ། བདག་ཅག་ཀྱང་ཆོས་དེ་ཐོབ་པར་འཚལ་ལོ་ཞེས་སྨྲས་སོ། །​མཽད་གལ་སྤྱོ་བ་ལ་དཔའ་བའི་མི་སྟོང་པོ་དེ་དག་དྲང་སྲོང་ལ་ཤིན་དུ་དང་བ་ཐོབ་པས་གུས་པའི་སེམས་ཀྱིས་མཆོད་ཅིང་རིམ་གྲོ་བྱས། བླ་མར་བྱས་ཤིང་བསྔགས་པ་བརྗོད་པར་གྱུར་ཏོ། །​དྲང་སྲོང་ཡང་དེ་དག་གིས་རིམ་གྲོ་དང་བསྙེན་བཀུར་བྱས་པ་ཉམས་སུ་བླངས་ཀྱང་སེམས་ལ་མངོན་པར་ཞེན་ཅིང་ཆགས་པ་ཅི་ཡང་མེད་པར་གྱུར་ཏོ། །​མཽད་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་དྲང་སྲོང་བཟོད་པའི་སྟོབས་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ནི་ང་ཉིད་ཡིན་ནོ། །​ངས་དེའི་ཚེ་བཟོད་པའི་ཆོས་དེ་ལྟ་བུ་ཡང་དག་པར་བླངས་པས་བདུད་སྡིག་པའི་ཡིད་ཀྱིས་མི་སྟོང་བཀྱེ་སྟེ་རྒྱུན་འཆད་པ་མེད་པར་ངག་རྩུབ་པོས་སྤྱོས་ཤིང་རྟག་པར་ང་ལ་སྨད་པར་གྱུར་ཀྱང་ངའི་སེམས་ལ་གཡོ་ཞིང་གྱུར་པ་ཅི་ཡང་མེད་དོ། །​མཽད་གལ་སྤྱོ་བ་ལ་དཔའ་བའི་སྐྱེས་བུ་སྟོང་པོ་དེ་དག་དྲང་སྲོང་བཟོད་པའི་སྟོབས་ལ་ཤིན་དུ་དང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61.html?part=UT22084-042-002-855#UT22084-042-002-855