Degé Kangyur volume 42, F.212.a

འདོད་ཅེས་དྲིས་པ་དང་། དེ་དག་གིས་སྨྲས་པ། དེང་བདག་ཅག་ནི་ཤིན་ཏུ་བཀྲེས་ཤིང་སྐོམ་མོ། །​ངས་དེ་སྐད་སྨྲས་པ་ཐོས་ནས་འདི་སྐད་ཅེས་སྨྲས་སོ། །​ཁྱེད་བཟའ་བ་དང་བཏུང་བ་ཇི་ལྟ་བུ་ཞིག་འདོད། དེ་དག་གིས་ང་ལ་བདག་ཅག་ནི་ཁྲག་འཐུང་ཞིང་ཤ་ཟ་བ་ཡིན་པས་གལ་ཏེ་ལུས་ཀྱི་ཤ་དང་ཁྲག་བདག་ཅག་ལ་བྱིན་ན་ནི་བདག་ཅག་གདོད་བདེ་ཞིང་ནད་མེད་པར་འགྱུར་རོ་ཞེས་སྨྲས་པ་དང་། ངས་དེ་དག་ལ་དེ་བཞིན་དུ་གནང་ནས་རང་ཉིད་ཀྱི་ཤ་བཅད་ཁྲག་ཕྱུང་ནས་སེམས་ཅན་དེ་དག་ལ་བྱིན་ཡང་། མཽད་གལ་དེའི་ཚེ་ངའི་སེམས་འགྱོད་ཅིང་ཕངས་པ་ཡང་མེད། མྱ་ངན་ཡང་མེད། བྱིང་བ་ཡང་མེད་ཀྱི། འདི་སྙམ་དུ་དེང་བདག་གིས་ལུས་ཀྱི་ཤ་ཇི་ཙམ་བཅད་པ་དེ་ཙམ་དུ་འཁོར་བའི་སྡུག་བསྔལ་གྱི་ཕྱོགས་ཀྱང་དེ་ཙམ་ཞིག་འགག་པར་འགྱུར་རོ་སྙམ་དུ་བསམས་ནས་ངས་ཡུན་རིང་པོར་རྟག་པར་དེ་ལྟར་སྦྱིན་པ་ཡོངས་སུ་གཏོང་བ་ལ་མོས་པར་གྱུར་ཏོ། །​དེ་ལྟར་སྦྱིན་པ་བཏང་ཡང་རབ་ཏུ་དགའ་ཞིང་བདེ་བ་ཐོབ་པར་གྱུར་པ་ཡིན་ཏེ། རྒྱུ་དང་རྐྱེན་དེས་ན་དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་རབ་ཏུ་མང་བ་ཡིན་པར་རིག་པར་བྱའོ། །​གཞན་ཡང་མཽད་གལ་ངས་མངོན་པར་དྲན་ཏེ། སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་སྟོབས་པ་ཆེ་ཞེས་བྱ་བ་ཡོན་ཏན་གྱི་མཐུ་ཆེན་པོ་དང་ལྡན་པ་དགེ་བའི་རྩ་བ་རབ་ཏུ་བསགས་པ་ཞིག་བྱུང་ངོ་། །​དེའི་ཚེ་རྒྱལ་པོ་སྟོབས་པོ་ཆེ་འདི་སྙམ་དུ་དེང་བདག་གིས་ཅིའི་ཕྱིར་མཆོད་སྦྱིན་ཆེན་པོ་བཤམས་ནས་སེམས་ཅན་རྣམས་ཚིམ་པར་མི་བྱེད་སྙམ་མོ། །​དེ་སྙམ་དུ་བསམས་ནས་མཆོད་སྦྱིན་ཆེན་པོ་བཤམས་ནས་བཟའ་བ་འདོད་པ་ལ་བཟའ་བ། བཏུང་བ་འདོད་པ་ལ་བཏུང་བ། གོས་དང་། མལ་ཆ་དང་། གསེར་དང་། དངུལ་དང་། རིན་པ་ཆེའི་དངོས་པོ་དང་། ཤིང་རྟ་དང་། བཞོན་པ་དང་། ནོར་དང་། སྤུག་དང་། རྡོའི་སྙིང་པོ་དང་། ཤེལ་དང་། བཻ་དཱུརྱ་དང་། བྱི་རུ་དང་། མན་ཤེལ་ལ་སོགས་པའི་རིན་པོ་ཆེ་དང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། སྤོས་ཀྱི་ཕྱེ་མ་དང་། དར་གྱི་ལྡ་ལྡི་དང་། གདུགས་དང་། རྒྱལ་མཚན་དང་། བུ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61.html?part=UT22084-042-002-848#UT22084-042-002-848