Degé Kangyur volume 42, F.211.a

ནད་པ་ཁྲིད་ནས་རྒྱལ་བུ་དེ་ལ་བསྟན་པ་དང་། རྒྱལ་བུའི་ལག་པས་རེག་པ་ཙམ་གྱིས་ནད་ཐམས་ཅད་སོས་ནས་མཆོག་ཏུ་བདེ་བ་ཐོབ་པར་གྱུར་ཏོ། །​མཽད་གལ་རྒྱལ་བུ་མིའི་སྨན་གྱིས་ལོ་སྟོང་གི་བར་དུ་དེ་ལྟར་ནད་གསོས་ནས་དེའི་འོག་ཏུ་འཆི་བའི་དུས་བྱས་སོ། །འཆི་བའི་དུས་བྱས་པའི་འོག་ཏུ་ནད་པ་རྣམས་དེར་འོངས་ནས་འཆི་བའི་དུས་བྱས་པ་ཐོས་པ་དང་། མྱ་ངན་དང་། སྨྲེ་སྔགས་བཏོན་ཏེ་ངུས་ནས་སུ་ཞིག་བདག་ཅག་ན་བའི་སྡུག་བསྔལ་ལས་ཐར་པར་བྱེད་ཅེས་སྨྲས་སོ། །​ནད་ཀྱིས་བཏབ་པ་རྣམས་རྒྱལ་བུ་མིའི་སྨན་གང་དུ་བསྲེགས་པ་སྨྲས་ནས་གང་དུ་བསྲེགས་པ་ཤེས་པར་གྱུར་པ་དང་། བསྲེགས་པའི་གནས་དེར་རུས་པ་བླངས་ཏེ། ཕྱེ་མར་བཏགས་ནས་ལུས་ལ་བསྐུས་པ་དང་། ཐམས་ཅད་ནད་སོས་པར་གྱུར་ནས་འདི་སྐད་དུ་རྒྱལ་བུ་མིའི་སྨན་ད་དུང་ཡང་ན་བ་རྣམས་གསོ་བར་ནུས་སོ་ཞེས་སྨྲས་སོ། །མཽད་གལ་དེ་ལྟར་ནད་པ་རྣམས་གསོས་པའི་རྒྱུ་དང་རྐྱེན་གྱིས་རུས་པ་རྣམས་ཀྱང་མཐར་གྱིས་ཟད་པར་གྱུར་ཏོ། །​རུས་པ་རྣམས་ཟད་པའི་འོག་ཏུ་བསྲེགས་པའི་གནས་དེར་སོང་ནས་ས་དང་། ཐལ་བ་དང་། སོལ་བ་རྣམས་བླངས་ཏེ་སོ་སོ་ནས་ལུས་ལ་བསྐུས་པ་དང་། ནད་ཐམས་ཅད་སོས་པར་གྱུར་ཏེ། མཽད་གལ་དེ་ལྟར་རྒྱལ་བུ་མིའི་སྨན་གྱིས་ནད་ཀྱི་བསྐལ་པ་ཆེན་པོ་བྱུང་བ་ན་ཐབས་མཁས་པས་ནད་ཀྱིས་བཏབ་པ་རྣམས་གསོས་པ་ཡིན་ནོ། །​མཽད་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་རྒྱལ་བུ་མིའི་སྨན་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ང་ཉིད་ཡིན་ཏེ། ངས་ནད་ཀྱི་སྡུག་བསྔལ་མང་བའི་སེམས་ཅན་མགོན་མེད་པ། སྐྱབས་མེད་པ་དག་གི་ནད་གསོས་སོ། །​ངས་དེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཤེས་རབ་ཆེན་པོའི་སྨན་གྱིས་སེམས་ཅན་རྣམས་གསོས་ནས་སྡུག་བསྔལ་མཐར་ཟད་པར་བྱས་སོ། །​མཽད་གལ་ང་ནི་སེམས་ཅན་གྱི་ཆེད་དུ་ལུས་གང་བླངས་པས་ཕན་འདོགས་པར་གྱུར་པ་དེ་བཞིན་དུ་ལེན་ཅིང་ཕན་འདོགས་པར་བྱེད་པས་མཽད་གལ་རྒྱུ་དང་རྐྱེན་དེས་ན་ཆེད་དུ་སེམས་ཅན་གྱི་ཕྱིར་ལུས་བླངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61.html?part=UT22084-042-002-846#UT22084-042-002-846