Degé Kangyur volume 42, F.184.a

ཇི་ལྟར་འདུས་མ་བྱས་དེ་ཉིད་མཚན་མ་མེད་པ་ཡིན་པར་རབ་ཏུ་ཤེས་པར་འགྱུར་ཞེ་ན། འདི་ལྟར་འདུས་མ་བྱས་ཀྱི་ཆོས་ནི་སྟོང་པར་ཡང་ཤེས། རབ་ཏུ་དབེན་པ་ཡིན་པར་ཡང་ཤེས། སྐྱབས་སུ་འགྲོ་བའི་གནས་ཡིན་པར་ཡང་ཤེས། ཕན་པ་མཆོག་ཡིན་པར་ཡང་ཤེས། ཡོངས་སུ་གདུང་བ་མེད་པར་ཡང་ཤེས་ཏེ། མཁས་པ་རྣམས་ཀྱིས་དེ་ལྟར་འདུས་མ་བྱས་རབ་ཏུ་ཤེས་ཀྱང་ཡེ་ཤེས་དེ་ལ་སྐྱེ་བའི་མཚན་མ་མེད་དོ། །​གང་པོ་མཁས་པ་རྣམས་ནི་མཚན་མ་རྣམས་ཡོངས་སུ་སྤངས་པས་དོན་མཆོག་དམ་པ་མངོན་པར་འདུ་བྱེད་པ་མེད་པ། འཇིག་པ་མེད་པ་ཐོབ་པར་འགྱུར་རོ། །​གང་པོ་གང་མངོན་པར་འདུ་བྱེད་པ་དང་བཅས་པ་དེ་ལ་ནི་འཇིག་པ་ཡོད་ཀྱི། གང་མངོན་པར་འདུ་བྱེད་པ་མེད་པ་དེ་ལ་འཇིག་པ་ཡང་མེད་དོ། །​འཇིག་པ་མེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཡིན་ནོ། འཇིག་པ་མེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་མཚན་མ་མེད་པ་ཡིན་ནོ། །འཇིག་པ་མེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་སྨོན་པ་མེད་པ་ཡིན་ནོ། །​གང་གིས་ཀྱང་མངོན་པར་འདུས་མ་བྱས་ལ། གང་གིས་ཀྱང་འཇིག་པ་མེད་པར་དབྱེར་མེད་པ་གང་ཡིན་པ་དེ་ནི་གང་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འཇིག་པའི་མཚན་ཉིད་ཅེས་བྱའོ། །​དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དམིགས་སུ་མེད་པ་གང་ཡིན་པའོ། །​བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གང་པོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་དམིགས་སུ་མ་མཆིས་པ་དེ་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དམིགས་སུ་མེད་པ་ཡིན་ནོ། །​བཅོམ་ལྡན་འདས་གལ་ཏེ་དེ་ལྟ་ན་ནི་ཆོས་ཐམས་ཅད་ཀྱང་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལགས་པར་འགྱུར་རོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཡིན་ཡང་བྱང་ཆུབ་དེ་ནི་ཆོས་ཐམས་ཅད་ཅེས་མི་བྱའོ། །​ཆོས་ཐམས་ཅད་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཡིན་ནོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61.html?part=UT22084-042-002-792#UT22084-042-002-792