Degé Kangyur volume 90, F.206.b
།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨ་རྒྱས་པ་དང་ཨུཏྤ་ལའི་དྲིའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་རབ་ཏུ་བརྗོད་པར་བྱའོ། །འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། འབྱུང་པོ་དང་གདོན་ཐམས་ཅད་ཟློག་པར་བྱེད་པ། ཕ་རོལ་གྱི་རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། དུས་མ་ཡིན་པར་འཆི་བ་ལས་ཡོངས་སུ་སྐྱོབ་པ། སེམས་ཅན་བཅིངས་པ་ཐམས་ཅད་ཐར་བར་བྱེད་པ། སྡང་བ་དང་རྨི་ལམ་ངན་པ་ཐམས་ཅད་འཇོམས་པར་བྱེད་པ། གནོད་སྦྱིན་དང་སྲིན་པོའི་གདོན་ཐམས་ཅད་རྣམ་པར་རླག་པར་བྱེད་པ། གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་རྣམས་རྣམ་པར་འཇོམས་པར་བྱེད་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རབ་ཏུ་སྒྲུབ་པར་བྱེད་པ། དགྲ་ཐམས་ཅད་ཟློག་པར་བྱེད་པ། གཟའ་ཆེན་པོ་བརྒྱད་རྣམ་པར་རླག་པར་བྱེད་པ། དྲག་ཤུལ་དང་། སྡང་བ་དང་རྨི་ལམ་ངན་པ་རྣམས་རྣམ་པར་འཇོམས་པར་བྱེད་པ། དུག་དང་མཚོན་དང་མེ་དང་ཆུ་ལས་སྐྱོབ་པར་བྱེད་པ། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་སྒྲོལ་བ། དུས་མ་ཡིན་པར་འཆི་བ་བརྒྱད་ཀྱི་བར་དུ་ཡོངས་སུ་སྐྱོབ་པར་བྱེད་པ་སྟེ། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །སྟོབས་ཆེན་གཟི་བརྗིད་ཆེན་མོ་སྟེ། །གཏུམ་པ་ཆེན་མོ་དཀར་མོ་ཆེ། །གསལ་བ་ཆེན་མོ་སྟོབས་ཆེན་མོ། །འབར་བ་ཆེན་མོ་ཕྲེང་བ་ཆེ། །གོས་དཀར་མོ་ནི་ཆེན་མོ་སྟེ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་གྲགས། །པདྨའི་སྣང་བ་རྡོ་རྗེའི་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེ་མཆུ་ཅན་རྣམ་སྒག་མ། །ཞི་བའི་ལྷ་རྣམས་ཀྱིས་མཆོད་པ། །ཞི་གཟུགས་དཀར་མོ་ཆེན་མོ་སྟེ། །འབར་བ་དང་ནི་གོས་དཀར་མོ། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །འཆི་མེད་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །ལག་ན་རྡོ་རྗེའི་རྡོ་རྗེ་དང་། །དེ་བཞིན་རིག་སྔགས་གསེར་ཕྲེང་ཅན། །ལེ་བརྒན་རྩི་དང་རིན་ཆེན་མ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh590.html?part=UT22084-090-034-403#UT22084-090-034-403