Degé Kangyur volume 90, F.212.a

རོ། །​ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་རོ། །​མི་གཙང་བ་ཡང་གཙང་བར་བྱས་པར་འགྱུར་རོ། །​བསྙེན་གནས་མ་བྱས་པ་ཡང་བསྙེན་གནས་བྱས་པར་འགྱུར་རོ། །​གང་དག་མཚམས་མེད་པ་ལྔ་བྱས་པ་དེ་ཡང་སྡིག་པ་མ་ལུས་པ་འབྱང་བར་འགྱུར་རོ། །​སྔོན་གྱི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་པར་ཟད་པར་འགྱུར་རོ། །​བུད་མེད་གང་ལ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པ་ཆེན་མོའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་འཆང་ན་བུ་འདོད་པ་དེས་ཀྱང་བུ་རྙེད་དེ། ཚེ་དང་བསོད་ནམས་དང་སྟོབས་ཀྱང་རབ་ཏུ་ལྡན་ནོ། །​འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། རྒྱགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །​གང་ལ་ལ་ཞིག་གིས་མི་ནད་དང་། བ་ལང་གི་ནད་དང་། གནག་ནད་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། འགོ་བའི་ནད་དང་། འཁྲུག་པ་ཐམས་ཅད་དང་། ཕ་རོལ་གྱི་དམག་ཚོགས་འོང་བ་ལ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ཕམ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་རིམ་གྲོ་ཆེར་མཆོད་པ་ཆེན་པོ་བྱས་ནས། གྲོང་ཁྱེར་ཐམས་ཅད་ཀྱི་སྒོ་འམ། གཙུག་ལག་ཁང་ངམ། གྲོང་ངམ། གྲོང་ཁྱེར་རམ། ལྗོངས་སམ། གྲོང་རྡལ་ལམ། དུར་ཁྲོད་དམ། རི་འམ། དགོན་པའི་གནས་སུ་གཟུགས་སོ། །​གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་མ་ཆེན་མོ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་རིམ་གྲོ་ཆེར་བྱས་ཏེ། བཙུགས་པ་ཙམ་གྱིས་གཡུལ་ཞི་བར་བྱས་པར་འགྱུར་རོ། །​ཡམས་ཀྱི་ནད་དང་། གནོད་པ་དང་། འགོ་བའི་ནད་དང་། འཁྲུག་པ་ཐམས་ཅད་དང་། ཕ་རོལ་གྱི་དམག་ཚོགས་རྣམས་རབ་ཏུ་ཞི་བར་འགྱུར་རོ། །​ཀླུའི་རྒྱལ་པོ་མཐའ་ཡས་དང་། ཀླུའི་རྒྱལ་པོ་དུང་སྐྱོང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh590.html?part=UT22084-090-034-426#UT22084-090-034-426