Degé Kangyur volume 41, F.259.a

འདི་སྙམ་དུ་སེམས་ཏེ། བདག་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཇི་ལྟ་བུས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་ཐད་དུ་འགྲོ་ཞིང་སེམས་ཅན་ཚད་མེད་པ་ལ་ཇི་ལྟར་བདེ་བར་བྱ་སྙམ་མོ། །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེས་དེའི་ཚེ་ཇི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལག་པ་གཡས་པས་བཀབ་ནས་ལག་པ་དེ་ལས་བཟའ་བ་འདོད་པ་རྣམས་ལ་བཟའ་བ་བྱུང་བ་དང་། བཏུང་བ་འདོད་པ་རྣམས་ལ་བཏུང་བ་དང་། དེ་བཞིན་དུ་བཞོན་པ་དང་། གོས་དང་། གསེར་དང་། དངུལ་དང་། བཻ་དཱུརྱ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། སུ་དག་ཅི་འདོད་པར་གྱུར་པ་ཐམས་ཅད་དེ་ལས་བྱུང་བར་གྱུར་པ་དང་། སེམས་ཅན་གང་ཆོས་དོན་དུ་གཉེར་ཞིང་ཆོས་འདོད་པ་དེ་དག་གིས་ཀྱང་ལག་པ་དེ་ལས་ཆོས་ཐོས་པར་གྱུར་པ་དང་། དེ་ན་སེམས་ཅན་དཔག་ཏུ་མེད་པ་དག་གིས་ཀྱང་ཆོས་མངོན་པར་རྟོགས་པར་གྱུར་པ་དང་། སེམས་ཅན་གང་ནད་རྣམ་པ་སྣ་ཚོགས་ཀྱིས་བཏབ་ཅིང་སྡུག་བསྔལ་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་མཆོག་ཏུ་བདེ་བ་དང་ལྡན་པར་གྱུར་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་བྱས་སོ། །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེས་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་དེ་ལྟ་བུ་འདི་བསྟན་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་སྨོན་ལམ་ཇི་ལྟ་བ་བཞིན་དུ་བྱུང་བའི་པད་མ་དེ་དག་ལ་འཁོར་དང་བཅས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །​ཡང་དེའི་ཚེ་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གང་གཱའི་ཀླུང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ནོར་བུའི་སྙིང་པོ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་ནོར་བུ་བརྩེགས་རྒྱལ་པོ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །​དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་དེ་ནི་བཻ་དཱུརྱ་བཟང་པོ་འབའ་ཞིག་ལས་མངོན་པར་གྲུབ་པའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh59.html?part=UT22084-041-004-498#UT22084-041-004-498