Degé Kangyur volume 90, F.118.a

ཕྲག་བརྒྱད་ཅུ་རྩ་བཞི་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། མཐུ་ཆེན་པོ་ཐོབ་པ། རྡོ་རྗེ་ཆེན་པོའི་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་ཞིང་དུ་མར་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཆེན་པོ་ཀུན་ཏུ་སྟོན་པ། སེམས་ཀྱི་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པའི་རྗེས་སུ་འཇུག་པའི་ཆོས་སྟོན་པ་སྣ་ཚོགས་སྙན་ཅིང་རྒྱ་ཆེ་ལ་ཟབ་ཅིང་ཡངས་པ་དང་། སྤོབས་པ་དང་། ཆོ་འཕྲུལ་དང་ལྡན་པ། སངས་རྒྱས་ཀྱི་ཞིང་དུ་མར་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོའི་སྤྲིན་གྱིས་མཆོད་པ་དང་། རྣམ་པར་ཐར་པའི་སྒོ་དང་། གཟུངས་དང་། ཏིང་ངེ་འཛིན་དང་། དབང་པོ་དང་། མངོན་པར་ཤེས་པ་དང་། མ་འདྲེས་པ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་། བསྡུ་བའི་དངོས་པོ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། བྱམས་པའི་སྟོབས་དང་བདེན་པ་དང་། ཡོངས་སུ་བྱང་བའི་སེམས་ཀྱི་རྒྱུན་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང་། རྡོ་རྗེའི་ལུས་དང་། རྡོ་རྗེའི་བློ་གྲོས་དང་། ལག་ན་རྡོ་རྗེ་དང་། རྡོ་རྗེ་འདུས་པ་དང་། རྡོ་རྗེ་མཐུ་བོ་ཆེ་དང་། རྡོ་རྗེ་རྣམ་པར་འཕྲུལ་པ་དང་། རྡོ་རྗེ་བརྩེགས་པ་དང་། རྡོ་རྗེ་ཕུང་པོ་དང་། རྡོ་རྗེ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་ཏོག་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་དང་། ཉན་ཐོས་ཆེན་པོ་རབ་ཏུ་མང་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། སྲིད་པར་ཀུན་ཏུ་སྦྱོར་བ། ཡོངས་སུ་ཆད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། རྫུ་འཕྲུལ་གྱི་སྟོབས་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་རྣམ་པར་འཕྲུལ་པའི་མཐུ་ཆེན་པོ་ཐོབ་པ། ལྟ་བ་ཆགས་པ་མེད་པ། ཐམས་ཅད་ཀྱང་དྲི་མ་དང་བྲལ་བ་ཐོབ་པ། ཀུན་ནས་ཉོན་མོངས་པའི་བག་ཆགས་ཀྱི་ས་བོན་ངེས་པར་བསྲེགས་པ་ཤ་སྟག་ལ་འདི་ལྟ་སྟེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh561.html?part=UT22084-090-005-658#UT22084-090-005-658