Degé Kangyur volume 90, F.125.a

ངས་དེ་མངོན་སུམ་དུ་བྱའོ་ཞེས་བསྒོའོ། །​དེ་ནས་རྒྱལ་པོ་ཚངས་པས་བྱིན་སྤོས་ཆུ་སྣ་ཚོགས་ཀྱིས་མགོ་བཀྲུས་ཏེ། གོས་གཙང་མ་བགོས་ནས་རིག་པའི་རྒྱལ་མོ་ཆེན་མོ་འདི་ཆོ་ག་བཞིན་དུ་བྲིས་ཏེ། མགོའི་གཙུག་གི་སྐྲའི་ནང་དུ་བཞག་ནས་རིག་པའི་རྒྱལ་མོ་ཆེན་མོ་འདི་ཉིད་ཀྱིས་གོ་ཆ་བྱས་ཏེ། གཡུལ་གྱི་ནང་དུ་ཞུགས་པ་དང་། གཅིག་པུས་དཔུང་གི་ཚོགས་ཡན་ལག་བཞི་པ་ཐམས་ཅད་ཕམ་པར་བྱས་ཏེ། ཇི་སྲིད་སྐྱབས་སུ་དོང་བ་དེ་སྲིད་དུ་འདིས་ཚར་བཅད་ནས་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་གཅིག་པུ་བཏང་ངོ་། །​བྲམ་ཟེ་ཆེན་པོ་དེ་ལྟར་ན་རིག་པའི་རྒྱལ་མོ་ཆེན་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་། ཕྱག་རྒྱས་བྱིན་གྱིས་བརླབས་པ། མཐུ་ཆེན་པོ་འདི་མངོན་སུམ་དུ་གྱུར་པ་ཡིན་ཏེ། མངོན་སུམ་དུ་གྱུར་ཏོ་སྙམ་དུ་གཟུང་བར་བྱའོ། །​དེ་བཞིན་གཤེགས་པ་ཐམས་ཅད་དང་མཚུངས་པ་ཉིད་དུ་བལྟ་བར་བྱའོ། །​ཕྱི་མའི་ཚེ་ཕྱི་མའི་དུས་ན་སེམས་ཅན་ཚེ་ཐུང་བ་རྣམས་དང་། བསོད་ནམས་ཆུང་བ་རྣམས་དང་། ལོངས་སྤྱོད་ཆུང་བ་རྣམས་ལ་ཕན་པར་འགྱུར་བར་བལྟའོ། །​བྲམ་ཟེ་ཆེན་པོ་གང་ལ་ལ་ཞིག་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་འདི་ཆོ་ག་བཞིན་དུ་བྲིས་ཏེ་ལག་པའམ། མགུལ་དུ་བཏགས་ན་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་རིག་པར་བྱའོ། །​དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་རིག་པར་བྱའོ། །​རྡོ་རྗེའི་ལུས་ཡིན་པར་རིག་པར་བྱའོ། །​དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་ཡིན་པར་རིག་པར་བྱའོ། །​དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཡིན་པར་རིག་པར་བྱའོ། །​དེ་རྡོ་རྗེ་ཆེན་པོའི་ལུས་སུ་རིག་པར་བྱའོ། །​དེ་འབར་བ་འོད་འཕྲོ་བའི་ལུས་དང་ལྡན་པར་རིག་པར་བྱའོ། །​དེ་མི་ཤིགས་པའི་གོ་ཆ་ཅན་དུ་རིག་པར་བྱའོ། །​དེ་དགྲ་ཐམས་ཅད་རབ་ཏུ་འཇོམས་པར་རིག་པར་བྱའོ། །​དེ་སྒྲིབ་པ་དང་སྡིག་པ་ཐམས་ཅད་འཇོམས་པར་རིག་པར་བྱའོ། །​དེ་སེམས་ཅན་དམྱལ་བའི་འགྲོ་བ་རྣམས་སྦྱོང་བར་རིག་པར་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། སྔོན་ཡོངས་སུ་ཤེས་པ་ཡིན་ཏེ། བྲམ་ཟེ་ཆེན་པོ་ཕྱོགས་གཞན་ཞིག་ན་དགེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh561.html?part=UT22084-090-005-672#UT22084-090-005-672