Degé Kangyur volume 90, F.100.b

སྦྱིན་སྲེག་དང་འཇོམས་པ་དང་། ཕོ་ཉ་དང་། རོ་ལངས་དང་། སེམས་སྒྱུར་བ་དང་། སྦོད་གཏོང་དང་། བཟའ་ཉེས་དང་། སྐྱུག་ཉེས་དང་། གནོད་སྒྲིབ་དང་། གནོད་བལྟས་དང་། བྲི་ཉེས་དང་། བསྒོམ་ཉེས་དང་། སྨད་པ་དང་། སྐྲག་པ་དང་། རྒྱལ་པོའི་འཇིགས་པ་དང་། ཆོམ་རྐུན་གྱི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་། ས་གཡོ་བའི་འཇིགས་པ་དང་། ཡུལ་བདག་གི་འཇིགས་པ་དང་། གཅན་གཟན་ཁྲོ་བོའི་འཇིགས་པ་དང་། མི་མཛའ་བའི་འཇིགས་པ་དང་། འཆི་བའི་འཇིགས་པ་དང་། འཇིགས་པ་ཐམས་ཅད་ལས་བདག་ལ་བསྲུང་བ་གྱིས་ཤིག །​ཤུ་བ་དང་། གཡའ་བ་དང་། མཛེ་དང་། འབྲུམ་བུ་ཕྲ་མོ་དང་། མཚན་པར་རྡོལ་བ་དང་། ཕོལ་མིག་དང་། གཡན་པ་དང་། མེ་དབལ་དང་། ལྷོག་པའི་འཇིགས་པ་ལས་བསྲུང་བགྱིས་ཤིག །​ཀླད་པ་ན་བ་དང་། གཞོགས་ཕྱེད་ན་བ་དང་། ཡི་ག་འཆུས་པ་དང་། མིག་ནད་དང་། སྣ་ནད་དང་། ཁ་ནད་དང་། མགུལ་ནད་དང་། སྙིང་ནད་དང་། ལྐོག་མའི་ལྷ་གོར་ན་བ་དང་། རྣ་བ་ན་བ་དང་། སོ་ན་བ་དང་། སྙིང་ན་བ་དང་། རྩིབ་ལོགས་ན་བ་དང་། རྒྱབ་ན་བ་དང་། ལྟོ་བ་ན་བ་དང་། མཁུར་བ་ན་བ་དང་། ཆུ་སོ་ན་བ་དང་། སྐྱེ་གནས་ན་བ་དང་། རབ་ཏུ་སྐྱེ་གནས་ན་བ་དང་། རྐེད་པ་ན་བ་དང་། བརླ་ན་བ་དང་། བྱིན་པ་ན་བ་དང་། ལག་པ་ན་བ་དང་། རྐང་པ་ན་བ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་མེད་པར་གྱིས་ཤིག །​རིམས་ནད་མེད་པར་གྱིས་ཤིག །​ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། ཉིན་བདུན་པ་དང་། ཟླ་བ་ཕྱེད་པ་དང་། ཟླ་བ་གཅིག་པ་དང་། ཟླ་བ་གཉིས་པ་དང་། ཡུད་ཙམ་པ་དང་། རྟག་པའི་རིམས་དང་། རིམས་དྲག་པོ་དང་། འབྱུང་པོའི་རིམས་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། རིམས་ཐམས་ཅད་དང་། ནད་ཐམས་ཅད་དང་། གདོན་ཐམས་ཅད་དང་། དུག་ཐམས་ཅད་དང་། སྡིག་པ་ཐམས་ཅད་དང་། སྡུག་བསྔལ་ཐམས་ཅད་དང་། འཇིགས་པ་ཐམས་ཅད་བདག་ལ་མེད་པར་གྱིས་ཤིག་སྭཱ་ཧཱ།

PreviousNext


The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh559.html?part=UT22084-090-003-1773#UT22084-090-003-1773