Degé Kangyur volume 90, F.98.a
།འཇིགས་བྱིན་ན་ནི་ཡིད་འཇིགས་པ། །ཁ་ཆེའི་ཡུལ་ན་འོད་བྱེད་པ། །གཏུམ་པོ་རལ་པ་ཅན་གྲོང་ན། །ཁ་ཆེའི་ཡུལ་གྱི་ས་མཚམས་ན། །ལྔས་རྩེན་ཞེས་ནི་བྱ་བ་གནས། །དེ་ལ་བུ་ནི་ལྔ་བརྒྱ་སྟེ། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ལྔས་རྩེན་གྱི་ནི་བུ་ཐུ་བོ། །རྒྱ་ཡུལ་གྱི་ནི་ས་ལ་གནས། །ཕྲག་པའི་མིག་ཅེས་བྱ་བ་ནི། །མཛོད་ལྡན་ན་ནི་སྤུན་དང་བཅས། །ཀ་ལིངྐ་ན་མཆེ་བ་རྐང་། །དཀྱིལ་འཁོར་སྟན་ན་དཀྱིལ་འཁོར་རོ། །ཀ་པུ་ཤ་ན་ལང་ཀའི་བདག །འོད་ཅན་དགའ་བའི་ཚང་ཚིང་ན། །ནམ་མཁའ་སྲུང་ན་ཆོས་སྐྱོང་བ། །ལག་པ་ཆེན་པོ་ངན་པ་ན། །རྣམ་ཐོས་བུ་ཡི་བུ་དཔལ་ལྡན། །རྒྱལ་བ་ཁྱུ་མཆོག་རྒྱལ་པོའི་བུ། །གནོད་སྦྱིན་བྱེ་བས་ཡོངས་བསྐོར་ཅིང་། །ཐོ་གར་གྱི་ནི་ཡུལ་ན་གནས། །འགྲོར་བཅས་རི་དང་གངས་ཅན་དག །སིན་དྷུ་ཡི་ནི་རྒྱ་མཚོར་གནས། །གྲོང་ཁྱེར་གསུམ་ན་རྩེ་གསུམ་ལག །ཀ་ལིངྐ་ན་རབ་འཇོམས་པ། །ཚིགས་ལྔ་སེར་པོ་འགྲོ་ལྡིང་ན། །སིང་ཧ་ལ་ན་ནོར་གྱི་བདག །ནེ་ཙོའི་བཞིན་ནི་འབྲོག་ན་སྟེ། །འགྲོ་འམ་ཅི་ནི་འོག་ན་གནས། །པདྨ་དཀར་པོའི་འོད་གསལ་བ། །གྲོང་ཁྱེར་ཆེ་ན་བརྩེ་བ་ཅན། །འཇིགས་པ་སྦྱིན་ན་རབ་འཇིགས་པ། །ཆུ་དང་ལྡན་ན་དམར་སེར་གནས། །བབྦ་ད་བསྐྱེད་བབྦ་ཌ། །འདོད་པ་སྦྱིན་ན་མ་དང་ལྡན། །བུ་མོ་འཇུག་ན་རབ་སད་པ། །ཀ་པུ་ཤ་ན་ནལ་ཀུ་བར། །ཕ་རོལ་མཐའ་མེད་དངུལ་ཆུ་ན། །ནུས་པའི་གནས་ན་ཞི་བྱེད་པ། །པ་ལྷ་པ་ན་ཐགས་བཟངས་རིས། །ཀེ་ཏ་ཀ་ན་དམར་སེར་པོ། །འཕྲལ་རིས་འཕེལ་ན་བཞིན་རྒྱས་པ། །ཨུ་ཊྱན་ཡུལ་ན་མ་རུངས་པ། །ཐོང་ཤོལ་ངན་ན་བུམ་ལྟོ་བོ། །ཆུ་སྲིན་རྒྱལ་མཚན་མྱ་ངམ་ན། །སྣ་ཚོགས་སྡེ་ནི་པོ་ཀ་ན། །དགའ་དང་ལྡན་ན་སྒྲ་སྒྲོགས་བུ། །ཕུང་པོའི་བདག་པོར་དམར་སེར་པོ། །ཆུང་མ་ཅན་ན་མཐོང་དགའ་བོ། །གནོད་སྦྱིན་ཆུ་སྲིན་རྒྱལ་པོའི་ཁབ། །ཡངས་པ་ན་ནི་གནས་པ་སྟེ། །བརྒྱ་སྟོང་ཕྲག་ནི་མང་པོ་ཡི། །གནོད་སྦྱིན་རྣམས་ཀྱིས་བསྙེན་བཀུར་བྱས། །བ་ལང་སྐྱོང་བ་སྦྲུལ་གདུག་ཅན། །ལྕང་ལོའི་གྲོང་ན་ལྕང་ལོ་པ། །དགའ་བའི་གྲོང་ན་དགའ་བ་ཅན། །གྲོང་གི་ལྷས་ན་སྟོབས་ཆེན་གནས། །ལྷ་ལས་བབས་ན་རྣམ་ཐོས་བུ། །རང་གི་སྡེ་ནི་ཡོངས་སུ་སྐྱོང་། །ལྕང་ལོ་ཅན་ན་གནས་པ་སྟེ། །
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh559.html?part=UT22084-090-003-1768#UT22084-090-003-1768