Degé Kangyur volume 90, F.97.a
།ཕྲེང་བ་འཛིན་པ་ཆུ་མཆོག་ན། །ཀུན་དགའ་འཆི་མེད་ས་ཞག་ན། །མཆེ་བ་དཀར་པོ་དངོས་བཟང་ན། །མི་བརྟན་པ་ནི་གཟི་ཅན་ན། །རིན་ཆེན་རི་ལྡན་གྲོང་ཁྱེར་ན། །ནོར་གྱི་བུ་ནི་ཕྱོགས་མཚམས་གནས། །སྨིན་དྲུག་བུ་ནི་གཞོན་ནུ་ཞེས། །འཇིག་རྟེན་གྲགས་པ་སྐྱེ་ཡོད་ན། །འོད་མའི་འགྲམ་ན་ལག་བརྒྱ་པ། །ཀ་ལིང་ཀ་ན་ཤིང་རྟ་ཆེ། །ཐུལ་བར་དཀའ་ནི་འགྲོ་འཇོམས་ན། །སྲིད་སྒྲུབ་ནགས་ན་སྲིད་སྒྲུབ་པ། །གནོད་སྦྱིན་འཇོམས་པ་འདུན་ཁང་ན། །ཕྲེང་བ་སྲུང་ན་རི་བརྩེགས་པ། །རྟ་དམར་ན་ནི་བཟང་པོ་པ། །མ་རྫོགས་པ་ནི་ཐམས་ཅད་བཟང་། །སྙེམས་པ་ཅན་ན་སྐྱོང་བ་པོ། །དེད་དཔོན་ནོར་གྱི་དབང་ཕྱུག་གོ། །མ་རྒྱལ་རྒྱལ་ན་མཆེ་བ་གཙིགས། །གནས་ཅན་ན་ནི་ནོར་བཟང་པོ། །ཞི་བ་ཞི་བའི་གྲོང་ལེན་ན། །ཞི་བ་བཟང་པོ་འཇིགས་བྱེད་ན། །གནོད་སྦྱིན་དབང་པོ་དབང་གྲོང་ན། །མེ་ཏོག་ཏོག་ནི་རྡོ་གྲོང་ན། །ཤིང་པ་ཤིང་གི་གྲོང་ཁྱེར་ན། །ཁ་དོག་ཅན་ན་སེར་སྐྱ་གནས། །ནོར་བུ་བཟང་དང་གང་བ་བཟང་། །སྤུན་གཉིས་ཚངས་པ་ལྡན་པ་ན། །བ་ལང་འཛིན་ན་འཇོམས་པ་པོ། །རབ་ཏུ་འཇོམས་པ་རྡོ་འཇོག་ན། །གནོད་སྦྱིན་ཆེན་པོ་བོང་སྲུང་སེལ། །སྐྱུགས་པ་ཡི་ནི་རི་ལ་གནས། །གསུམ་སྦས་འགྲམ་པ་ལྡན་ངོགས་ན། །ཧོ་ནུ་ན་ནི་འོད་བྱེད་པ། །དགའ་བ་ཅན་དང་འཕེལ་བྱེད་པ། །དགའ་བ་འཕེལ་བྱེད་གྲོང་ཁྱེར་ན། །རླུང་གི་ས་ནི་རླུང་ལྡན་པ། །འཕྱང་བར་གྱུར་ན་འཐབ་དགའ་བ། །བཅོམ་བརླག་ན་ནི་བོང་བུ་པ། །ལང་ཀ་ན་ནི་བུམ་པའི་ལྟོ། །གནོད་སྦྱིན་ཉི་འོད་རབ་ཉམས་ན། །ཀོ་ས་ལ་ནི་རི་མགོ་བོ། །རྣམ་པར་རྒྱལ་དང་རྣམ་རྒྱལ་ལྡན། །དཀར་པོ་བཅོམ་བརླག་ཡུལ་ན་གནས། །གནོད་སྦྱིན་གང་བ་མ་ལ་ཡར། །ཏི་སེ་གངས་ན་མི་འམ་ཅི། །སྤྲིན་གྱི་ཕྲེང་ཅན་པོནྟྲ་ན། །རབ་ཏུ་གནས་ན་དུམ་བུ་པ། །པི་ཏང་ག་ལྱར་ཡང་དག་བྱེད། །རླངས་དང་ལྡན་ན་བདེ་བྱེད་པ། །སྣ་ནས་བྱུང་ན་གནོད་སྦྱིན་མཛེས། །གསོ་བའི་མཐའ་ན་མ་ཆགས་པ། །དགའ་བྱེད་དང་ནི་ཕ་དགའ་དང་། །དཔའ་དང་གསེར་གྱི་ལག་པ་དང་། །ཀ་ལིངྐ་ན་ལྟོ་འཕྱང་པོ། །ཀོ་ས་ལ་ན་ནག་པོ་ཆེ། །དགེ་བ་དགེ་བའི་ཕོ་བྲང་ན། །བཱ་རཱ་ཎ་སཱིར་སྐྱོང་བ་པོ། །འགྲམ་ལྡན་ཕུང་པོ་རྣ་བ་བཟང་། །
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh559.html?part=UT22084-090-003-1766#UT22084-090-003-1766