Degé Kangyur volume 90, F.96.a
ཀུན་དགའ་བོ་བྱང་ཕྱོགས་ན་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་གནོད་སྦྱིན་ཐམས་ཅད་ཀྱི་བདག་པོ་འཁོར་གནོད་སྦྱིན་བརྒྱ་སྟོང་དུ་མ་ཡོད་པ་གནོད་སྦྱིན་རྣམས་ལ་དབང་བྱེད་དུ་འཇུག་པ་གནས་ཏེ། གང་བྱང་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དེ་ཡང་བུ་དང་བཅས། ཚ་བོ་དང་བཅས། སྤུན་དང་བཅས། བློན་པོ་དང་བཅས། སྡེ་དཔོན་དང་བཅས། མངག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་དང་བཅས། འཁོར་དང་བཅས་པས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག །སྦ་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་གསད་པ་དང་། མཚམས་གཅད་པ་དང་། ས་བཅིང་བ་གྱིས་ཤིག །ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་ཤོག་ཤིག །ཏདྱ་ཐཱ། སཽ་རི་སཽ་རི། ཤི་རི་ཤི་རི། མ་ཏི་མ་ཏི། ཏི་རི་ཏི་རི། མ་ཏི། ཀི་རི་ཀི་རི། ཧི་རི་ཧི་རི། པེ་ལུ་པེ་ལུ། པིངྒ་ལེ། ཙུ་ལུ་ཙུ་ལུ། ཧ་ཏཾ་པི་ཥཾ་བན་དྷུ་མ་ཏི། ནི་ཧ་ཏཾ་བེ་ཥཾ། བན་དྷུ་མ་ཏི་སྭཱ་ཧཱ། ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང་། །བྱང་ཕྱོགས་ན་ནི་ལུས་ངན་པོ། །རྒྱལ་པོ་ཆེན་པོ་འདི་བཞི་དག །འཇིག་རྟེན་སྐྱོང་བ་གྲགས་དང་ལྡན། །ཕྱོགས་བཞི་དག་ནི་སྐྱོང་བར་བྱེད། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་དགྲ་རྣམས་རབ་ཏུ་འཇོམས། །གཞན་གྱིས་མི་ཐུབ་ཐུལ་བར་དཀའ། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་དང་ལྡན། །རྫུ་འཕྲུལ་ཆེ་ཞིང་ལྷ་མིན་དང་། །ལྷ་ཡི་གཡུལ་ཡང་མྱོང་བར་བྱེད། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག །སྦ་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་གསད་པ་དང་། མཚམས་གཅད་པ་དང་། ས་བཅིང་བ་གྱིས་ཤིག །ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་ཤོག་ཤིག །ཏདྱ་ཐཱ། ཨེ་ལེ་མེ་ལེ། ཀེ་ལེ་ཏེ་ལེ། མེ་ལེ། ཤེ་ལེ། པཱ་ཤེ །དུམྦེ། དུ་དུམྦེ། ལྷས་ཀུན་ཏུ་ཆར་ཕོབ་ཤིག །ཏི་ལི། མི་ལི། དུམྦེ། དུ་དུམྦེ། ཨཊྚེ། བཊྚེ། པ་ར་མ་དུ་བཊྚེ། ལྷས་འུར་འུར་ཀུན་ཏུ་ཆར་ཕོབ་ཤིག །
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh559.html?part=UT22084-090-003-1764#UT22084-090-003-1764