Degé Kangyur volume 90, F.94.b
།སངས་རྒྱས་རྫུ་འཕྲུལ་ཆེན་པོ་དེ་དག་ལ། །མངོན་པར་དད་པའི་ལྷ་གང་འཁོད་པ་དག །ལྷ་རྣམས་དེ་དག་ཡིད་དགའ་མགུ་གྱུར་ནས། །རྟག་ཏུ་དགེ་དང་ཞི་བར་འགྱུར་བར་བྱས། །ཏདྱ་ཐཱ། ཨི་ལི་མི་ལི། ཀི་ལི་མི་ལི། ཀི་ལི་ཙི་ལི། ཀི་ལི་བོ་ལི། ཨུ་དུ་རཱ། སུ་དུ་རུ། སུ་དུ་མོ་དེ། བུ་ས་ར། བུ་ས་ར། ཧུ་ཧུ། ཀ་རཉྫེ། ཀ་རཉྫ། མཱུ་ལེ། ཨི་ཧི་ས། ན་ཏཱ། ཀུཎྜ་ལི། ཀུན་ཏཱ་ལི། ནཱ་རཱ་ཡ་ནི། པཱ་རཱ་ཡ་ནི། པཱ་ཤྱ་ནི། པཱ་ཤྱ་པཱ་ཤྱ་ནི། ཀི་པི་ལ་བཱསྟུ་ནི། ཨི་རི་བཱ་སི། འགྲོ་ལྡིང་བའི་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ཅིག་སྭཱ་ཧཱ། ཀུན་དགའ་བོ་སྨན་ཆེན་པོ་འདི་དག་ནི་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱིས་བཤད་པ་སྟེ། ཀུན་དགའ་བོ་གང་སྨན་ཆེན་པོ་འདི་དག་གི་མིང་འཛིན་པ་ལ་འགའ་ཞིག་རབ་ཏུ་སྡང་བའི་སེམས་ཀྱིས་འོང་ན། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །ཏདྱ་ཐཱ། ཀཱི་རྟི་མཱུ་ལེ། ཨེ་རཎྜེ་མཱུ་ལེ། ས་མནྟ་མཱུ་ལེན་ཌ་ནཱ་ཌེ། ཨ་ཌེ་ནཱ་ཌེ། ཀུ་ཤ་ནཱ་ཌེ། ཨིཏྟེ། མིཏྟེ། མཱ་རུ། ཨ་ར་ཌ་ཀཱ། མ་ར་ཌ་ཀཱ། ཨི་ལི་ཀི་ཤི །གོ་དོ་ཧི་ཀ །ཨུད་ངྷུཾ་དུ་མ། བྷིན་ན། མེ་ཌཱ། སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ལམ་དུ་ཞུགས་རྣམས་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག །དེ་དག་སྡིག་པར་མ་གྱུར་ཅིག །ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཐམས་ཅད་ཟག་པ་མེད། །བདེན་པའི་ཚིག་འདིས་ཀུན་ཏུ་བདེ་ལེགས་སུ་གྱུར་ཅིག །དེ་བཞིན་གཤེགས་པས་གསུངས་པའི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག །སྦ་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་གསད་པ་དང་། མཚམས་གཅད་པ་དང་། ས་བཅིང་བ་གྱིས་ཤིག །ལོ་བརྒྱ་འཚོ་བར་གྱུར་ཅིག །
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh559.html?part=UT22084-090-003-1761#UT22084-090-003-1761