Degé Kangyur volume 90, F.84.b

ཚེས་བརྒྱད་ཀྱི་ཚེ་ནི་རྒྱལ་པོ་ཆེན་པོ་བཞིའི་སྐྱེས་བུ་དག་རྒྱལ་པོ་ཆེན་པོ་རྣམས་ཀྱི་མདུན་ན་དེ་ལ་སེམས་པར་བགྱིད། མིང་ནས་ཀྱང་འདོན་པར་བགྱིད་དོ། །​ཚེས་བཅུ་བཞིའི་ཚེ་ནི་རྒྱལ་པོ་ཆེན་པོ་བཞི་པོ་དག་ཉིད་མདུན་ན་སེམས་པར་བགྱིད། མིང་ནས་ཀྱང་འདོན་པར་བགྱིད་དོ། །​ཚེས་བཅྭ་ལྔའི་ཚེ་ནི་རྒྱལ་པོ་ཆེན་པོ་བཞི་པོ་དག་ནི་སེམས་པར་བགྱིད་ཅིང་མིང་ནས་ཀྱང་འདོན་པར་བགྱིད་དེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་གང་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་ལེན་པ་དང་། འཆང་བ་དང་། སྟོན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དེ་ནི་སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་སྙིང་བརྩེ་ཞིང་ཕན་པར་བགྱིད་ལགས་སོ། །​བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་ཀྱང་དེ་ལ་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་མི་བྲེལ་བར་བགྱིའོ། །​སེམས་ཅན་ཐམས་ཅད་ཀྱིས་ཀྱང་བསྟི་སྟང་བགྱིད་པར་འགྱུར་རོ། །​རྒྱལ་པོ་དང་། བློན་པོ་དག་གིས་ཀྱང་བླ་མར་བགྱི་བ་དང་། རིམ་གྲོ་བགྱི་བ་དང་། མཆོད་པར་བགྱི་བར་འགྱུར་རོ། །​གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་ཅན་དང་། ཀུན་ཏུ་རྒྱུ་དང་། མཛའ་བ་དང་། མི་མཛའ་བ་དག་གི་ནང་དུ་མཆིས་ཀྱང་མཆོད་པར་འགྱུར་རོ། །​རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དེས་གཙང་མར་བགྱིས་ཏེ། ལུས་གཙང་བ་དང་། གོས་དང་། རྒྱན་དང་། མལ་ཆ་དང་། སྟན་དང་། ཡོ་བྱད་ཁྱད་པར་ཅན་གཙང་མར་བགྱི། ཡུལ་ངན་པ་རྙེད་པར་མི་བགྱི། ཡུལ་ངན་པའི་མཛའ་བོ་དང་བསྟེན་པར་མི་བགྱི། ཡུལ་ངན་པ་ན་གནས་པ་ལ་བསྔགས་པར་མི་བགྱིའོ། །​གང་འབྱུང་པོའི་གདོན་གྱིས་ཟིན་པའི་མདུན་དུ་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་དྲན་པར་གྱུར་ན། དེ་ལ་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཉིད་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བགྱིད་པར་འགྱུར་རོ། །​བཙུན་པ་བཅོམ་ལྡན་འདས་དེ་ལྟར་ན་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་མཐུ་ཆེ་སྟེ། གང་གིས་རང་གི་ཁྱིམ་དུ་མཚན་གཅིག་གམ། ཉིན་གཅིག་ཀྱང་རུང་ཡང་དག་པར་བསམས་ན། དེ་ལ་ལོ་གཅིག་གི་བར་དུ་མི་མ་ལགས་པས་གླགས་རྙེད་པར་མི་འགྱུར་རོ། །



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh558.html?part=UT22084-090-002-835#UT22084-090-002-835