Degé Kangyur volume 90, F.80.b
ཕྱུགས་ལྷས་རྣམས་ཉལ་ཉིལ་མ་མཆིས་པར་བགྱིས་ཏེ། སེང་ལྡེང་དང་། རྒྱ་ཤུག་གི་ཞུགས་བལྟམས་ལ། དོག་ས་ལ་མེ་ཏོག་སིལ་མ་བཀྲམ་སྟེ། སྒོ་གང་གཡས་གཡོན་ནས་དྲི་སྣ་ཚོགས་ཀྱིས་བདུགས་ལ། ས་བོན་ཐམས་ཅད་མར་གྱིས་བསྐུས་ཏེ་ཕྱོགས་བཞིར་གཏོར་བར་བགྱི། ཆབ་སྒོར་ཚོན་སྐུད་སྣ་ཚོགས་བྲེ་བར་བགྱིའོ། །དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དག་ནི་བཏོན་ལ་སླར་ཡང་གཟུད་པར་བགྱིའོ། །རིག་སྔགས་ཀྱང་བཀླག་པར་བགྱིའོ། །ཡི་གེར་བྲིས་སམ། མདུད་པ་མདུད་དེ་མཐོན་པོའི་ཁར་བཏགས་ལ་མཆོད་པར་བགྱིའོ། །ནད་པའི་མདུན་དུ་སངས་རྒྱས་ཀྱི་སྐུ་གཟུགས་སམ། སངས་རྒྱས་ཀྱི་རིང་བསྲེལ་ལམ། ཚངས་པའི་གཟུགས་སམ། བརྒྱ་བྱིན་གྱི་གཟུགས་སམ། རྒྱལ་པོ་ཆེན་པོ་བཞིའི་གཟུགས་ཁྲིའུ་འམ། ཟ་མ་ཏོག་གི་སྟེང་དུ་བཞག་སྟེ། ཕྱག་རྒྱ་བཞི་བགྱིས་ལ་བཞག་པར་བགྱིའོ། །མེ་ཏོག་སྣ་ཚོགས་དང་། སྤོས་སྣ་ཚོགས་དང་། ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་དང་། གནོད་སྦྱིན་སྟོབས་པོ་ཆེ་དང་། འཕྲོག་མ་ལ་སོགས་པའི་མིང་གིས་དཀོན་མཆོག་གསུམ་ལ་མཆོད་པར་བགྱིའོ། །དེ་རྣམས་ཀྱི་སྟོབས་དང་། དབང་ཕྱུག་དང་། བྱིན་གྱིས་བདག་དགེ་བར་གྱུར་ཅིག །བདག་ལ་སྲུང་བ་གྱིས་ཤིག །ནད་ཐམས་ཅད་ལས་ཐར་བར་གྱུར་ཅིག །ནད་པའི་ཟས་དང་། སྐོམ་དང་། སྨན་རྣམས་ཀྱང་རིག་སྔགས་འདིས་བཏབ་སྟེ་སྩལ་བར་བགྱིའོ། །རྫོགས་སངས་རྣམ་པར་སངས་རྒྱས་ཚེ། །འཇིག་རྟེན་སྐྱོང་བས་ཕྱོགས་བཞི་ནས། །སྣོད་བཞི་དག་ནི་བླངས་ནས་སུ། །བདེ་བར་གཤེགས་ལ་ཕུལ་བ་དང་། །མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་པ། །ལྷ་ཡི་སྣོད་མཆོག་དེ་དང་ནི། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །སྟོན་པའི་ཕྱག་ན་བསྣམས་གྱུར་པ། །བདེན་པའི་ཚིག་ནི་དེ་དག་གིས། །སྨན་རྣམས་བདུད་རྩིར་གྱུར་པར་ཤོག །དེ་བཞིན་ལྷ་མོ་འཕྲོག་མ་ཡིས། །ལྷ་རྫས་དགེ་བ་ཨ་རུ་ར། །བླངས་ནས་སྟོན་ལ་རབ་ཕུལ་བ། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །བདེན་པའི་ཚིག་ནི་འདི་དག་གིས། །ནད་པ་རྣམས་ཀྱི་ནད་སེལ་ཅིང་། །ཉེས་པ་ཐམས་ཅད་འཕྲོག་བྱེད་པ། །སྨན་རྣམས་བདུད་རྩིར་གྱུར་པར་ཤོག
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh558.html?part=UT22084-090-002-827#UT22084-090-002-827