Degé Kangyur volume 90, F.64.a

ཉི་མ་དང་ཟླ་བ་རྣམས་ཀྱང་འོད་དང་མི་ལྡན་པར་གྱུར་ཏེ། ལྷན་ནེར་མ་ཡིན། ལྷང་ངེར་མ་ཡིན་ཞིང་འོད་མི་གསལ་བར་གྱུར་ཏོ། །​དེ་ནས་ཡང་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་འཇིགས་པ་དེ་དག་བྱུང་བ་དང་། ཡངས་པ་ཅན་གྱི་ལི་ཙྪ་བཱི་ཁ་ཅིག་གིས་གྲོང་གཞན་དང་གྲོང་ཁྱེར་བ་གང་ཡིན་པ་དེ་གདོན་འབྱུང་པོས་བཏབ་པར་གྱུར། གྲོང་གི་གཞོན་ནུ་རྣམས་དང་། རྩིས་མཁན་རྣམས་དང་། བློན་པོ་དང་། བློན་པོ་ཆེན་པོ་དང་། འཁོར་ན་གནས་པ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། མངག་པ་དང་། གཡོག་ཁ་ཅིག་ཀྱང་གདོན་འབྱུང་པོས་བཏབ་པར་གྱུར། ཡུལ་ཡངས་པ་ཅན་གྱི་ལྗོངས་ཀུན་གྱི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱང་འཇིགས་སྐྲག་དངངས་ཏེ་སྐྱི་བུང་ཞེས་བྱེད་ནས་ཁ་གནམ་དུ་བལྟས་ཏེ་ངུ་འབོད་ཅིང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ཕྱག་འཚལ། བྲམ་ཟེ་དང་ཁྱིམ་བདག་གང་དག་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པའི་བྲམ་ཟེ་དང་། ཁྱིམ་བདག་དེ་དག་ཁ་ཅིག་ནི་ཚངས་པ་ལ་ཕྱག་འཚལ། ཁ་ཅིག་ནི་བརྒྱ་བྱིན་ལ། ཁ་ཅིག་ནི་འཇིག་རྟེན་སྐྱོང་བ་རྣམས་ལ་ཕྱག་འཚལ། ཁ་ཅིག་ནི་དབང་ཕྱུག་ཆེན་པོ་དང་། ནོར་བུ་བཟང་པོ་དང་། གང་བ་བཟང་པོ་དང་། འཕྲོག་མ་དང་། ཉི་མ་དང་། ཟླ་བ་དང་། གཟའ་དང་། སྐར་མ་དང་། རི་དང་། ནགས་ཚོགས་དང་། སྨན་དང་། ཤིང་ལྗོན་པ་དང་། ཀླུང་དང་། ལྟེང་ཀ་དང་། མཚེའུ་དང་། རྫིང་བུ་དང་། རྫིང་དང་། མཆོད་རྟེན་གྱི་གནས་ན་གནས་པ་དག་ལ་ཕྱག་འཚལ་ཞིང་བདག་ཅག་འདི་འདྲ་བའི་གནོད་པས་འཇིགས་པའི་གནས་ནས་ཇི་ལྟར་ཐར་བར་འགྱུར་སྙམ་དུ་སེམས་ཤིང་འཁོད་པ་དག་བཅོམ་ལྡན་འདས་ཀྱིས་མི་ལས་འཕགས་པའི་སྤྱན་རྣམ་པར་དག་པས་གཟིགས་སོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་གང་མངོན་པར་འདུ་མཛད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱིས་གོ་བར་གྱུར་ནས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དད་པར་གྱུར་ཏེ་འདུས་པར་གྱུར་པ་རྣམ་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh558.html?part=UT22084-090-002-794#UT22084-090-002-794