Degé Kangyur volume 89, F.60.b

པའི་ཕན་ཡོན་རྣམ་པ་བཞི་ཞེས་བྱའོ། །​གལ་ཏེ་ཡུལ་ལ་ལར་མདོ་སྡེ་འདི་ཡང་དག་པར་སྟོན་པར་བྱེད་ན་མི་ཐམས་ཅད་དར་ཞིང་སྐྱིད་པ་དང་། རིམས་ནད་རྣམས་མེད་པ་དང་། ཚོང་པ་དང་འགྲོན་པོ་ཕན་ཚུན་འགྲོ་བའི་ནོར་དང་རིན་པོ་ཆེ་མང་དུ་ཐོབ་པ་དང་། བསོད་ནམས་ཁྱད་པར་དུ་འཕགས་པ་ཐོབ་པར་འགྱུར་ཏེ། འདི་དག་ནི་ཡོན་ཏན་གྱི་ཕན་ཡོན་རྣམ་པ་སྣ་ཚོགས་ཞེས་བྱའོ། །​དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། འཁོར་མང་པོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་མདོ་སྡེ་ཟབ་མོ་འདི་ལྟ་བུ་མངོན་དུ་གནས་པར་གྱུར་ན་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་འཇིག་རྟེན་ན་གནས་ཤིང་ནུབ་པར་མི་འགྱུར་ལ། ནམ་མདོ་སྡེ་འདི་ལྟ་བུ་ནུབ་པར་གྱུར་པ་ན་ཡང་དག་པའི་ཆོས་ཀྱང་ནུབ་པར་འགྱུར་བར་རིག་པར་བགྱི་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། དེ་ལྟ་བས་ན་ཁྱེད་ཀྱིས་གསེར་འོད་དམ་པའི་མདོ་སྡེ་འདི་ལས་ཚིག་གཅིག་གམ་སྡེ་གཅིག་ཀྱང་རུང་སྟེ། ཐམས་ཅད་སེམས་རྩེ་གཅིག་ཏུ་ཡང་དག་པར་བཀླག་པར་བྱ། ཡང་དག་པར་ཁ་ཏོན་དུ་གདོན་པར་བྱ། ཡང་དག་པར་མཉན་པར་བྱ། ཡང་དག་པར་གཟུང་བར་བྱ། ཡང་དག་པར་ཡིད་ལ་བསམ་པར་བྱ་ཞིང་ཡང་དག་པར་བསྒོམས་ནས། སེམས་ཅན་མང་པོའི་ཆེད་དུ་རྒྱ་ཆེར་ཡང་དག་པར་བསྟན་ཏེ་ཡོངས་སུ་སྤེལ་བར་བྱེད་ན་ཡུན་རིང་པོར་བདེ་བསྐྱེད་ཅིང་བསོད་ནམས་ཀྱི་ཕན་ཡོན་མཐའ་མེད་དོ། །​དེ་ནས་འཁོར་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་ཐམས་ཅད་ཕན་ཡོན་ཁྱད་པར་དུ་འཕགས་པ་ཐོབ་པར་གྱུར་པས་རབ་ཏུ་དགའ་ཞིང་མགུ་བས་ཡང་དག་པར་བཟུང་བར་གྱུར་ཏོ། །​གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ལེའུ་སྟེ་ལྔ་པའོ།​། །​།གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ། བམ་པོ་བཞི་པ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh555.html?part=UT22084-089-012-3336#UT22084-089-012-3336